འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །བཤར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །ཞེས་བསྟན་པ་ལྟར། བོད་ཀྱི་ཡི་གེའི་གཟུགས་རིས་ཐམས་ཅད་གཟབ་ཆེན་དང་། གཟབ་ཆུང་། འབྲུ་ཆེན། འབྲུ་ཆུང་། བཤར་མ། དཀྱུས་ཡིག་བཅས་དྲུག་གི་ནང་དུ་འདུ་བ་ཡིན། དེ་དག་ལས་གཟབ་ཆེན་གཟབ་ཆུང་གཉིས་ནི་དབུ་ཆེན་ཐིག་ཚད་ཆེ་བ་དང་། ཆུང་བ་ལ་བརྗོད་ལ། འབྲུ་ཆེན་འབྲུ་ཆུང་གཉིས་ཀྱང་སྤྱིར་འབྲུ་མ་ཐིག་ཚད་ཆེ་བ་དང་། ཆུང་བ་ལ་ཟེར་ཡང་། འབྲུ་མ་ཆེ་ཆུང་གཉིས་དབར་ཡི་གེ་ཁ་ཤས་ཀྱི་འབྲི་ཚུལ་མི་འདྲ་བར་ཡོད། བཤར་མ་ཞེས་པ་སྐབས་འདིར་གཟབ་མ་ཆེ་ཆུང་གཉིས་དང་། འབྲུ་མ་ཆེ་ཆུང་གཉིས། དཀྱུས་ཡིག་གམ་རྒྱུགས་ཡིག་གམ་འཕྲིན་ཡིག་གམ་ད་ལྟ་འཁྱུག་ཡིག་ཏུ་འབོད་པ་དེ་བཅས་ཕུད་པའི་ཡིག་གཟུགས་སྤྱི་ལ་གོ་དགོས་ལ། གཟབ་བཤར་ཞེས་པའི་སྐབས་ཀྱི་བཤར་མ་ནི། གཟབ་མ་ཕུད་པའི་དབུ་མེད་ཡིག་གཟུགས་ཐམས་ཅད་ལ་གོ་དགོས་པ་སོགས་སྐབས་དབྱེ་ནས་རྟོགས་པར་བྱའོ། །