སྡེ་ནང་ས་བྲིས་ཀྱི་སྐོར་གླེང་བ།

གཙང་བ་སྐལ་བཟང་ཡེ་ཤེས།
2021-03-15

སྡེ་ནང་ས་བྲིས་ཀྱི་སྐོར་གླེང་བ།


      སྡེ་ནང་ས་བྲིས་ཞེས་པ་ནི་མགོ་ལོག་དར་ལག་ཡུལ་གྱི་སྡེ་ནང་གྲོང་ཚོ་དར་ཡུལ་གཙོ་བོ་ཡིན་པའི་བོད་ཀྱི་ཡིག་གཟུགས་བྲིས་རྒྱུན་ཞིག་ཡིན།གཤམ་ནས་དེའི་སྐོར་གྱི་ངོ་སྤྲོད་འགའ་སྤེལ་བར་བྱ་བ་ལ།

      གཅིག བྲིས་གཟུགས་ཀྱི་ངག་རྒྱུན་ལོ་རྒྱུས་དང་བསམ་གཞིགས

      སྡེ་ནང་གཏེར་ཆེན་བླ་མ་པདྨ་མཁྱེན་བརྩེའི་འོད་ཟེར་གྱི༼ས་བྲིས་ལོ་རྒྱུས༽སུ་ས་བྲིས་འདི་ནི་བོད་ཀྱི་མིག་འབྱེད་དམ།ལོ་ཙྰ་བ་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བའི་སངས་རྒྱས་དངོས་བྱོན་སྒྲ་སྒྱུར་བེེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་གདུལ་བྱ་རྫོགས་འཕྲལ་དབུས་སུ་ཕེབས་སྐབས།སྨྱུ་གུ་གསུམ་ནམ་མཁའ་ལ་དོར་ཏེ་སྨོན་ལམ་བཏབ་ཅིང་ཚོགས་བདག་ལ་ཉེ་བར་བཅོལ་ནས།ནམ་ཞིག་འདི་དང་འཕྲད་པའི་ལས་ལྡན་མ་བྱུང་བར་དུ་གཉེར་དམ་གྱིས་གསུངས་ནས་རྒྱས་བཏབས་པ།ཕྱིས་སུ་ལས་དང་སྐལ་བ་སྨོན་ལམ་གསུམ་འཛོམས་པའི་ས་ངན་བསྟན་འཛིན་གྱིས་རྙེད་ནས་དེའི་རྐྱེན་གྱིས་ཡི་གེ་འདི་ཡིག་རྐྱེན་གཞན་ལ་མ་ལྟོས་པར་ཁོ་རང་བྱིན་རླབས་དང་སྨོན་ལམ་གྱི་མཐུ་ཟབ་མོ་བརྡོལ་ནས་རྣམ་རིག་ཡིག་གཟུགས་སུ་འཕོས་པའི་ནུས་མཐུ་ཅན་དུ་སད་པ་ཡིན་སྐད་ཅེས་དང་།༼མགོ་ལོག་སྨན་རྩིས་རིག་གནས་ལོ་རྒྱུས༽སུ་ཡང་ལོ་ཆེན་བེེ་རོ་རྒྱལ་མོ་ཚ་བ་རོང་ནས་ཡར་ཕེབས་སྐབས་བྲིས་སྨྱུག་ནམ་མཁར་འཕངས་ཏེ།མགོན་པོ་ཚོགས་བདག་ལ་གཉེར་དམ་བཅོལ།མ་འོངས་པར་སྨྱུ་གུ་འདི་སུ་དང་འཕྲད་ན།དེས་བདག་གི་བྲིས་རྒྱུན་རྩོལ་མེད་དུ་ཤེས་པར་ཤོག་ཅེས་ཐུགས་སྨོན་མཛད་པ་སླར་ས་ངན་བླ་མ་བསྟན་འཛིན་ཞེས་པའི་ཕྱག་ཏུ་ལྟས་མཚན་བཟང་པོ་དང་བཅས་འབྱོར་ནས་འཕྲིན་ལས་ཁྱད་པར་ཅན་གྱི་དབུ་མེད་གཟབ་མའི་བྲིས་ཚུགས་བྱུང་བའི་མིང་ཡང་ས་བྲིས་སུ་ཐོགས།དེས་ཀ་ཐོག་ལྕམ་བླ་ཞེས་པར་བརྒྱུད།དེས་སྡེ་ནང་འཇང་བླ་ལ།དེས་སྡེ་ནང་ཁྲ་བླ་སྙན་གྲགས་ལ།དེས་སྡེ་ནང་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེ་ལ།དེས་སྡེ་ནང་པད་གྲགས་ཞེས་པར་བརྒྱུད་ཅེས་གསུངས།

      དངོས་གནས་བེེ་རོའི་ཕྱག་སྨྱུག་ལག་ཏུ་སོན་ཡོད་མེད་དང་།དེའི་བྱིན་རླབས་ཀྱིས་བྲིས་གཟུགས་ཐུན་མོང་མ་ཡིན་པ་འདི་ཐོན་པ་ཡིན་མིན་སོགས་དཔྱད་དཀའ་ཡང་།ལུང་ཚིག་འདི་གཉིས་ཀྱིས་ང་ཚོ་ལ།གཅིག སྡེ་ནང་ས་བྲིས་འདིའི་དང་པོའི་ཕུག་གཏུགས་ས་ནི་བེེ་རོའི་བྲིས་རྒྱུན་ཡིན་པ།གཉིས།སྡེ་ནང་ས་བྲིས་ཞེས་ས་བྲིས་ཐོགས་དོན་གྱི་རྒྱུ་མཚན།གསུམ།སྡེ་ནང་ས་བྲིས་ཀྱི་འབྱུང་ཡུལ་དང་གཙོ་བོ་དར་ས་སོགས་གསལ་བཤད་བྱེད་ནུས།ཁོ་བོའི་བསམ་ཚོད་ཡིན་ན་བེེ་རོ་ཙ་ན་ནི་བོད་ཀྱི་བྲིས་མཁན་ཆེན་མོ་ཡིན་ཕྱིན་ཁོང་ཉིད་མདོ་ཁམས་ཀྱི་ཡུལ་དུ་ཕེབས་དུས་བྲིས་རྒྱུན་སྤེལ་ཡོད་པ་ཡང་དོན་དངོས་ཡིན་སྲིད།ཡིན་ན་ཡང་བོད་དུ་དུས་ལོག་དང་ཟིང་འཁྲུག་སོགས་མང་པོ་བྱུང་ཡོད་ཕྱིར།བྲིས་རྒྱུན་ལ་ཡང་བོད་ཀྱི་རིག་གནས་གཞན་དག་ནང་བཞིན་གོད་ཆག་དང་གྱོང་གུད་གང་མང་བྱུང་ཡོད་པ་གཞིར་བཞག་ཡིན།འདི་ནི་བེེ་རོའི་བྲིས་རྒྱུན་སྤེལ་ནས་དུས་རབས་བཅོ་བརྒྱད་པའི་མཇུག་གི་ས་ངན་བསྟན་འཛིན་གྱི་བར་ཧ་ལམ་མི་ལོ་སྟོང་ལ་ཉེ་བར་བརྒྱུད་པའི་ལོ་རྒྱུས་ཡོད།དུས་རབས་བཅོ་བརྒྱད་པ་ནས་བཟུང་ཡུལ་མགོ་ལོག་ཏུ་ནང་ཆོས་གཙོ་བོ་ཡིན་པའི་བོད་ཀྱི་རིག་གནས་སྣ་ཚོགས་ཁྱབ་གདལ་དུ་ཕྱིན་པས།རྒྱ་ཆེའི་ཤེས་བརྩོན་མི་སྣ་ལ་དག་གསལ་གཙང་བའི་དཔེ་ཆ་ལག་སོན་བྱུང་རྒྱུ་ནི་སློབ་གཉེར་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དུ་གྲུབ་པ་དང་།ཁྱད་པར་དུ་སྐབས་དེ་ནས་མགོ་ལོག་ཏུ་མཁས་ཆེན་དམ་པ་གང་མང་བྱོན་པ་དག་གིས་རང་གི་གསུང་ཆོས་རྣམས་ཡིག་གཟུགས་ལེགས་པོས་བཤུ་འབྲི་བྱས་ནས་རྗེས་རབས་པར་འཇོག་རྒྱུའི་སྲོལ་བཟང་དར།དེ་མིན་མགོ་ལོག་ས་ཁུལ་དུ་དར་བའི་ཐུན་མོང་མ་ཡིན་པའི་རིམ་གྲོའི་ཆོས་ལུགས་སྣ་ཚོགས་ཀྱིས་སྤུས་བཟང་ཞིང་དག་ཆ་ཐོན་པའི་འདོན་ཆོག་དཔེ་ཆ་མཁོ་འདོན་བྱེད་པར་ཡང་རེ་བ་ཆེན་པོ་ཐོབ་ཡོད།དེ་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ཏུ་བེེ་རོའི་བྲིས་རྒྱུན་གྱི་བསུང་ངད་ཐོབ་པའི་ས་ངན་བསྟན་འཛིན་གྱིས་སྔར་ཡོད་ཀྱི་བྲིས་རྒྱུན་ལ་ལེགས་བཅོས་བྱས་ཤིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐུན་མོང་མ་ཡིན་པའི་བྲིས་རྒྱུན་འདི་གསར་གཏོད་བྱས་པར་བསམ།དེ་ནས་རིམ་བཞིན་བརྒྱུད་དེ་དུས་རབས་བཅུ་དགུ་ནས་ཉི་ཤུ་ལ་སླེབས་དུས་བློ་གྲོས་ཀྱི་རྒྱ་ཡངས་ཤིང་རྣམ་དཔྱོད་ཀྱི་རྩལ་མྱུར་བའི་སྡེ་ནང་གི་བླ་མ་འོད་གསལ་རིག་པའི་རྡོ་རྗེས་སྔར་ཡོད་བྲིས་གཟུགས་ལ་སྙིགས་དོར་བཅུད་ལེན་བྱས་ནས།མཐོང་ཚད་ཀུན་གྱི་ཡིད་དབང་འཕྲོག་པའི་ད་ལྟའི་བྲིས་གཟུགས་འདི་སྤེལ་བར་སྣང་།


        གཉིས།བྲིས་གཟུགས་ཀྱི་ཐུན་མིན་ཁྱད་ཆོས།

ང་ཚོའི་ད་ལྟ་མཐོང་བཞིན་པའི་བྲིས་གཟུགས་གང་མང་ཞིག་ནི་ཡང་ན་ཡིག་འབྲུ་གཅིག་གཅིག་བྱས་ནས་བལྟས་ན་ཅུང་མཛེས་པ་འདྲ་ལ།ཡང་ལ་ལ་ཞི

ག་ནི་ཐུན་མོང་དུ་བལྟས་ན་གྲ་འགྲིག་པོ་ཙམ་དུ་སྣང་བ་ལས་རེ་རེ་བཞིན་བསལ་ན་དངོས་གནས་ལྟ་རིན་ཅི་ཡང་མེད་པར་སྣང་།ཁྱད་པར་དུ་དེང་སྐབས་འཛམ་གླིང་བྲིས་གཟུགས་སུ་བཤད་པའི་བྲིས་ཀྱི་གར་གྱི་རང་བཞིན་དང་།དབྱངས་ཀྱི་རང་བཞིན་སོགས་ནི་ཇི་ལྟར་བཙལ་ཡང་རྙེད་རྒྱུ་མི་འདུག ང་ཚོས་དེང་གི་བྲིས་པ་མང་ཆེ་བའི་བྲིས་གཟུགས་ལ་བལྟས་ཚོད་ཙམ་གྱིས་མིག་ལམ་དུ་མཛེས་མཛེས་ཙམ་དུ་སྣང་ཡང་དོན་ལ་བྲིས་གཟུགས་གྱོང་ཞད་དང་མཁྲེགས་ཞད་ཧ་ཅང་ཆེ།འོན་ཀྱང་སྡེ་ནང་ས་བྲིས་ཀྱི་ལི་གམ་ཟག་གསུམ།མཆུ་ཤད་དཔུང་གསུམ།མགོ་ཚེག་གི་འབྲི་ཚུལ།དཔུང་གི་འཐེན་སྟངས།ཡི་གེའི་དཀར་ཆ་ནག་མདངས་སོགས་ཕྱོགས་སོ་སོ་ལ་ཚད་ལྡན་གྱི་འབྲི་སྟངས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ཡོད།ང་ཚོས་བལྟས་ཚོད་ཙམ་གྱིས་བྲིས་གཟུགས་ཀྱི་མཉེན་ཆ་དང་ལྷོད་ཆ་སོགས་རང་བཞིན་གྱིས་མཐོང་ཐུབ།བཤད་སྲོལ་ལྟ་ན་ཤོག་ངོས་ཉིས་བརྒྱ་ཅན་གྱི་དཔེ་ཆ་ཞིག་བྲིས་ན་དཔེ་ཆའི་འགོ་མཇུག་བར་གསུམ་ནས་རིགས་མཐུན་གྱི་ཡིག་འབྲུ་གཅིག་པ་ཐམས་ཅད་བླངས་ནས་གཤིབ་བསྡུར་བྱས་ཚེ་དེ་དག་ལས་ཡི་གེ་གཅིག་ལ་ཆེ་ཆུང་ཤོར་ན་བྱང་ཚད་དུ་མ་ཐོན་པར་བཞེད།སྡེ་ནང་ས་བྲིས་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཏུ་འདེམས་སྐབས་གཞུང་ཕྱོགས་ཀྱིས་བཀོད་པའི་བྲིས་གཟུགས་ཁྱད་ཆོས་སུ།སྡེ་ནང་ས་བྲིས་ཀྱི་བྲིས་རྐང་ལྷོད་ཅིང་མཉེན་ལ།བྲིས་ངོས་དྭངས་ཤིང་གསལ་བ་དང་།ཕྱི་གཟུགས་ཀྱི་མཉེན་པ་གཞོན་ནུ་མའི་གར་སྟབས་ལྟ་བུ་ལ་ནང་སྲོག་གིས་དམ་པ་རི་རྒྱལ་གྱི་འགྱིང་རྔམ་ལྟར་དུ་མངོན་ཞེས་བྲིས་ཡོད།


       གསུམ།བྲིས་གཟུགས་ཚད་མཐོན་པོར་ཐོན་པའི་རྒྱུ་རྐྱེན།

        སྡེ་ནང་ས་བྲིས་ད་ལྟ་བོད་ཙམ་དུ་མ་ཟད་རྒྱལ་ཡོངས་སུའང་ཡིང་གྲགས་ཆེ་བས།གཤམ་ནས་དེའི་སྐོར་ཅུང་ཙམ་གླེང་བར་བྱ་སྟེ།ཐོག་མར་སྡེ་ནང་ས་བྲིས་ཚད་ལྡན་ཞིག་འབྲི་དགོས་ན་ངེས་པར་དུ་བྲིས་ཀྱི་སྦྱང་རིམ་མང་པོ་ཞིག་བརྒྱུད་དགོས།ཐོག་མར་ཡིག་ཆུང་སྦྱངས་པ་དང་།དེ་ནས་ཡིག་འབྲིང་།དེ་ནས་ཡིག་ཆེན།དེ་ནས་འབྲི་ཚ།དེ་ནས་ལན་ཝར་སོགས་སྦྱོང་དགོས་པར་སྡེ་ནང་པད་གྲགས་ཀྱིས་གསུངས་སོ།།འདི་ལྟ་བུའི་བྲིས་སྦྱང་གི་དུས་ཡུན་ལ་ཉུང་ན་ཡང་ཕལ་ཆེར་ལོ་ངོ་གཉིས་ནས་གསུམ་ཡན་དགོས།དེ་ནས་ཚད་ལྡན་གྱི་འདོན་ཡིག་དང་ལྟ་ཡིག་སོགས་འབྲི་ཚེ་ཐོག་མར་སྣག་ཤོག་སྨྱུག་གསུམ་ཚད་ལྡན་ཡིན་དགོས་པ་འོག་ཏུ་འཆད།གཞན་ཡང་ཉི་མ་རེ་རེ་ལ་ཡང་ཚད་བཅད་ཡོད་དེ།ཅི་འདྲའི་བྲིས་མཁན་ཞིག་ཡིན་ཀྱང་ཉིན་རེར་ཤོག་ལྡེབ་གཉིས་ལས་འབྲི་མི་ཆོག ཤོག་ལྡེབ་གཉིས་བྲིས་རྗེས་ཉིན་རྗེས་མར་སྤྱོད་རྒྱུའི་ཤོག་ལས་བྱེད་དགོས།དེ་འདྲ་བྱས་ཚེ་བྲིས་མཁན་ཞིག་གི་ཚེ་གང་བོར་བཀའ་ཐང་དང་ཐོས་གྲོལ་ལྟ་བུའི་བམ་ཁ་ཅན་གྱི་དཔེ་དེབ་ཉུང་ན་བཅུ་ཕྲག་དང་མང་ན་ལྔ་བཅུར་ལོན་པ་འབྲི་ནུས་པར་བཞེད།དེ་མིན་རིན་མཐོ་བའི་བྲིས་ཡོན་ཡང་བྲིས་ལེགས་ཐོན་པའི་རྒྱུ་རྐྱེན་གཙོ་བོར་སྣང་སྟེ།ཤོད་རྒྱུན་ལྟར་ན་གནའ་དུས་སུ་གཡོག་མོ་ངན་ཤོས་ཤིག་གི་ལོ་གླ་ནི་དངུལ་སྒོར་བདུན་ཡིན་ལ།བྲིས་ཚད་ལྡན་དུམ་པ་གཅིག་གི་བྲིས་ཡོན་ནི་མཛོ་མོ་གཅིག་ཡིན་པར་བཤད།ད་དུང་ཕྱུག་པོ་དང་བླ་མ་ཁ་ཤས་ཀྱིས་རང་གི་ཁ་བཏོན་དང་གསུང་ཆོས་སོགས་འབྲི་རུ་བཅུག་ཚེ་གླ་ཡོན་དེ་ལས་ཀྱང་མཐོ་བར་བཤད།འདི་ལྟ་བུའི་གླ་ཡོན་མཐོན་པོའི་འོག་བྲིས་གཟུགས་ལ་དོ་སྣང་བྱེད་པ་ནི་སྐབས་དེའི་སྤྱི་ཚོགས་གནས་བབ་དང་ཡང་ཧ་ཅང་འཚམས་པ་ཞིག་ཡིན།


        བཞི་བ།ཁྱད་མཚར་གྱི་སྣག་ཤོག་སྨྱུག་གསུམ།

       ༡.སྨྱུ་གུའི་ཁྱད་ཆོས།   སྨྱུ་གུ་བཟོ་བ་ལ་དུས་ཚོད་ངེས་ཅན་ཞིག་དགོས་ལ།ཞིབ་ཆ་ཧ་ཅང་ཆེ་བས་དེ་ལ་ལག་རྩལ་དང་བཟོ་རྩལ་གྱི་ཐད་རེ་བ་ཆེན་པོ་ཡོད།

ཐོག་མར་པགས་ཤ་སྲ་ཞིང་སྨྱུག་རྒྱུ་ལེགས་པ་དང་ཆུ་རྔུབ་ཀྱི་ནུས་པ་བཟང་བའི་སྨྱུག་ལེབ་ཚིགས་ཅན་སྐམ་པོ་འཚོལ་དགོས།༼ཤར་ཇ་ཇ་རྙིང་གི་ཇ་སྨྱུག་ནི་ཆེས་མཆོག་ཏུ་བཟང་བར་བཤད༽མགོ་ལོག་ལྟ་བུའི་སྨྱུག་མའི་ཐོན་ཁུངས་མེད་པའི་ས་ཆ་ཞིག་ལ་མཚོན་ན་རྒྱུ་སྤུས་བཟང་བའི་སྨྱུག་མ་ལོན་རྒྱུ་ནི་ལས་ཧ་ཅང་ཁག་པོ་ཞིག་རེད་མོད།ཡིན་ནའང་སྨྱུག་མ་ལེགས་པོ་མ་ལོན་ཚེ་སྨྱུག་བཟོའི་རྗེས་ཕྱོགས་ཀྱི་བྱ་བ་ཐམས་ཅད་སྟོང་ཟད་དུ་འགྲོ་ཉེན་ཡོད།སྨྱུག་མ་བཟང་པོ་ལོན་རྗེས་དེ་འབྲི་སྨྱུག་གི་དབྱིབས་སུ་བཟོས་ཤིང་རྟ་ལྷས་སུ་རྟ་ལུད་ཀྱི་ནང་དུ་ཉི་མར་བསྐམས་པ་དང་།དེ་ནས་རབ་ཡིན་ན་གཡག་སར་གྱི་རྐང་ནང་དུ་བཙོ་དགོས་ལ།དེ་མིན་ཡང་ཚིལ་རྙིང་དང་མར་རྙིང་གི་ནང་དུ་བཙོ་དགོས།སྨྱུ་གུ་བཙོ་བ་མེ་ཤུགས་ཀྱི་ཁྱད་པར་ཧ་ཅང་ཆེ།མེ་བཙན་དྲག་ན་སྨྱུ་གུ་འཚིག་པའི་ཉེན་ཁ་ཡོད།མེ་ལྷོད་ཆེ་ན་སྨྱུ་གུ་འཚིག་པའི་ཉེན་ཁ་ཡོད།མེ་ལྷོད་ཆེ་ན་སྨྱུ་གུའི་གསེང་དུ་སྣུམ་འགྲོ་མི་ཐུབ་པའི་ཉེན་ཁ་ཡོད།དེར་བརྟེན་བཙན་ལྷོད་རན་པའི་མེ་འབུད་རྒྱུ་ནི་སྨྱུ་གུ་བཙོ་བའི་ཆ་རྐྱེན་གཙོ་བོ་ཡིན།དེ་ནས་བཙོས་ཟིན་པའི་སྨྱུག་མ་དེ་སྦྲ་ངོས་སུ་བཏགས་ནས་ལོ་གཅིག་ཙམ་ལ་དུད་བདུག་བྱེད་དགོས་ལ།ལོ་གཅིག་གི་རྗེས་སུ་དུད་དྲེག་གིས་ཟོས་པའི་སྨྱུག་མ་དེ་ཞིབ་བཟོ་བྱས་ནས་སྨྱུ་གུ་གཞོག་དགོས།སྨྱུ་གུ་གཞོག་པ་ལ་རྣོ་རྒྱུ་ཧ་ཅང་བཟང་བའི་སྨྱུག་གྲི་ནི་མེད་དུ་མི་རུང་བ་ཞིག་ཡིན།དེ་ནས་བྲིས་མཁན་རང་གི་དགོས་མཁོ་ལྟར་ཁ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་གཞོག་ཆོག་ལ།གཞོག་པའི་ཚེ་སྨྱུག་མའི་ནང་ངོས་ནས་ཕྱིར་གཞོག་དགོས་པ་དང་།དབུ་ཅན་གྱི་སྨྱུ་གུ་ནི་སྨྱུག་ཁ་མར་སྦུབ་པའི་སྨྱུག་རྩེའི་གཡས་ཕྱོགས་དམའ་ལ་གཡོན་ཕྱོགས་མཐོ་དགོས་ལ་དབུ་མེད་ཀྱི་སྨྱུ་གུ་ནི་གཡོན་ཕྱོགས་མཐོ་ལ་གཡས་ཕྱོགས་དམའ་བར་གཞོག་དགོས།དེ་ལྟར་སྨྱུག་ལས་བྱས་པ་ནས་གཞོག་པའི་སྨྱུ་གུ་ལ་གཤམ་གསལ་གྱི་ཁྱད་ཆོས་ཡོད་དེ།གཅིག་ནས་སྨྱུ་གུའི་སྲ་མཁྲེགས་རང་བཞིན་བཟང་བས་ལོ་མང་པོར་བཀོལ་ཡང་སྨྱུག་ཁ་ལ་གནོད་པ་མི་འབྱུང་ཁར་སར་ལྷུང་ཐང་འགྱེལ་སོགས་ཀྱི་གནས་ཚུལ་བྱུང་ཡང་སྨྱུ་གུ་ལ་གནོད་པ་མི་འབྱུང་།གཉིས་ནས་ཉི་ལྡེས་རླུང་སྐམ་སོགས་ས་མཐོའི་གནམ་གཤིས་ཁྲོད་སྨྱུ་གུའི་རྒྱུ་སྤུས་ལ་འགྱུར་ལྡོག་མི་འབྱུང་བར་རང་ཚུགས་འཛིན་ཡུན་ཅུང་རིང་།གསུམ་ནས་དེ་ལྟར་བཟོས་པའི་སྨྱུ་གུས་སྣག་དང་མཚལ་སོགས་གཏོང་ལེན་བྱས་པ་བཟང་ཞིང་།ཡི་གེ་འབྲི་ཚེ་ཡི་གེའི་དཀར་ཆ་སྣག་མདངས་སོགས་ལ་ཡང་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་ཐུབ།
      ༢.སྣག་མཚལ་གྱི་ཁྱད་ཆོས།   སྣག་ཚ་དང་མཚལ་བཟང་བོ་ནི་བྲིས་ལེགས་པར་ཡོང་བའི་རྒྱུ་རྐྱེན་གཙོ་ཞིག་ཡིན།བཤད་སྲོལ་ལ་གནའ་དུས་ཀྱི་སྣག་ཚ་དང་མཚལ་སོགས་ནི་གཏེར་རྡོ་དང་སྐྱེ་དངོས་ལས་ཞིབ་བརྡར་དང་།བཙོ་སྲེག   སྡེབ་སྦྱོར་སོགས་བྱས་པ་བརྒྱུད་ནས་བཟོས་པ་ཡིན།དེ་ལྟར་ཐོན་པའི་སྣག་མཚལ་ལ་སྣག་མདངས་གསལ་བ་དང་།དམ་ཁ་ཆེ་བ།ཉར་ཡུན་རིང་བ།ཆུ་ཆར་གྱིས་སྐྱོན་མི་ཚུགས་པ་སོགས་ཀྱི་དགེ་མཚན་ཡོད་ཟེར།དེང་སྐབས་སྣག་ལས་ཀྱི་རྒྱུན་ཆད་པ་ཡིན་ནམ་མི་རྣམས་ཀྱིས་དཀའ་ཚེགས་ལ་འཛེམས་པ་གང་ཡིན་མི་གསལ་ཡང་སྔོན་གྱི་གཏེར་དངོས་སྣག་མཚལ་བཀོལ་བ་ཧ་ཅང་ཉུང་།
རྒྱུན་ལྡན་དུ་ཚོང་ཁང་ནས་སྣག་ཚ་བརྡར་མ་བཏུལ་ནས་བྲི་མཁན་ཅུང་མང་།དེ་ལ་ཡང་སྣག་ལས་ཀྱི་བརྒྱུད་རིམ་སྣ་ཚོགས་ཤིག་ཐོན་དགོས་ཏེ།ཐོག་མར་སྣག་ཚ་བརྡར་བ་དང་།དེ་ནས་འབྲི་འོ་དང་ཇ་སོགས་ཚད་རན་པ་བསྲེས་ནས་སྣག་ཚ་འདུལ་དགོས།ད་དུང་འབྲུ་རྨོག་དང་དབང་ལག་བསྲེ་བ་སོགས་ཀྱང་ཡོད།དེ་ལྟར་བྱས་ན་ད་གཟོད་སྣག་མདངས་དང་དམ་ཁ་སོགས་ལ་ཕན་ནུས་ཐོན་ཐུབ།
     ༣.བྲིས་ཤོག་གི་ཁྱད་ཆོས།   གནའ་དུས་སུ་ཤོག་བུ་ལས་བྱེད་ཀྱི་རྩྭ་ལྡུམ་བཏུས་ནས་དེ་གཙབ་བརྡར་བཙོ་སྦྱང་སོགས་བྱས་པ་བརྒྱུད་ཤོག་བུ་བཟོས་པ་ཡིན།དེ་ལ་དུག་ཤོག་དང་དུང་ཤོག ས་ཤོག་སོགས་མི་འདྲ་བ་སྣ་ཚོགས་ཡོད།ད་ལྟ་སྡེ་ནང་པད་གྲགས་ལགས་ཀྱིས་ཤོག་བཟོའི་ལག་རྩལ་དང་བརྒྱུད་རིམ་སོགས་ཆ་ཚང་བར་ཤེས།དེང་སང་གཙོ་བོ་ཚོང་ཁང་ནས་ཉོས་པའི་ཤོག་བུ་བཀོལ་བཞིན་ཡོད་པས་ལག་ལེན་དུ་བཀོལ་བ་དངོས་སུ་མ་མཐོང་།དེ་ལ་བྲིས་མཁན་གྱི་དགོས་མཁོ་དང་དཔེ་ཆའི་ཆེ་ཆུང་སོགས་ལ་དམིགས་ནས་ཐོག་མར་ཤོག་རྒྱུ་ལེགས་ཤིང་ཅུང་མཐུག་པའི་ཤོག་བུ་དྲ་དགོས་པ་དང་།དེ་ནས་ཤོག་གྲངས་གཉིས་སམ་གསུམ་རེ་ལྷན་ཅིག་ཏུ་སྦྱར་དགོས་ལ།དེའི་རྗེས་སུ་ཤོག་བུ་སྲབ་མོ་གཉིས་སྔར་སྦྱར་ཡོད་པའི་ཤོག་བུའི་ངོས་སུ་ཕྱེ་ཆུ་དྭངས་མོས་སྦྱོར་དགོས་པ་དང་།སྦྱར་ཚར་རྗེས་དེ་ཉི་མར་སྐེམ་དགོས།༼ཤོག་བུ་སྦྱོར་ཚུལ་སྣ་ཚོགས་ཡིན་པས་མཐའ་གཅིག་ཏུ་འདི་ལྟར་ཡིན་དགོས་པའི་ངེས་པ་མེད།ཤོག་བུའི་སྲབ་མཐུག་སོགས་ཀྱང་བྲིས་མཁན་དང་བྲི་བྱའི་དགོས་མཁོ་ལ་གཞིག་རྒྱུ་གལ་ཆེ༽ཉི་མར་བསྐམས་རྗེས་སླར་ཡང་ཆེད་དུ་བསྐོལ་བའི་ཇ་ཁུའི་ནང་དུ་ཉིན་ཕྱེད་ཙམ་ལ་སྦང་བ་དང་སླར་སྐེམ་ལ་ཉི་མས་སྐམ་དྲགས་པའི་ཤོག་བུ་སླར་ཡང་ཆེད་གཉེར་སྔོར་འཇམ་གྱིས་སྤབས་ཁྲིད་དགོས།དེ་ནས་སྤབས་ཟིན་པའི་ཤོག་བུ་ལ་ཆེད་བཟོས་ཀྱི་བརྡར་བྱེད་བཀོལ་ནས་འཇམ་བཟོ་དགོས།གྲ་འགྲིག་ཅིང་ངོས་འཇམ་པའི་ཤོག་བུ་གྲུབ་རྗེས་དེའི་སྟེང་དུ་ཆེད་བཟོས་ཀྱི་ཐིག་སྐུད་སྤྱད་ནས་ཐིག་ལེགས་པོ་འཐེན་རྗེས་དངོས་སུ་ཡི་གེ་འབྲི་ཆོག ཡིན་ན་ཡང་ཤོག་ལས་བྱེད་པ་ཡང་ཡི་གེ་འབྲི་བ་དང་འདྲ་བར་ཉིན་རེར་ཤོག་གྲངས་གཉིས་གསུམ་ཙམ་ལས་བྱེད་མི་ཆོག དེ་ལྟར་བཟོས་པའི་ཤོག་བུ་ལ་ཆུ་ཡིས་སྐྱོན་མི་ཚུགས་པ་དང་།༼བཤད་སྲོལ་དུ་དེ་ལྟ་བུའི་ཤོག་བུ་ཆུ་ནང་དུ་དབྱར་གཅིག་ལ་བཞག་ན་ཡང་ཤོག་སྣག་གང་ལ་ཡང་ཆུ་ཆར་གྱིས་སྐྱོན་མི་ཚུགས་པར་བཤད༽སྣག་མཚལ་གྱི་མདངས་གསལ་བ།རུལ་སྐྱོན་འབྱུང་དཀའ།འབྲི་མཁན་དང་ལྟ་མཁན་ཀུན་གྱི་མིག་ལ་མི་གནོད་པ་སོགས་ཀྱི་དགེ་མཚན་མང་པོ་ཡོད།
      དེ་མིན་ད་དུང་སྨྱུག་གྲུའི་རྒྱུ་སྤུས་ཀྱི་འདམ་ཀ་དང་།ཤོག་བརྡར་རྒྱུ་ཆའི་འདམ་ཀ སྣག་མཚལ་འདུལ་གཞོང་།སྣག་བུམ་གྱི་རྒྱུ་ཆ་སོགས་ལ་ཡང་རེ་འདུན་ནན་མོ་ཡོད།
        ལྔ།ས་བྲིས་ཀྱི་གནས་བབ།
        སྡེ་ནང་ས་བྲིས་ཀྱི་བྲིས་རྒྱུན་སྤེལ་ནས་ད་ལྟའི་བར་མི་ལོ་ཉིས་བརྒྱ་ལྷག་གི་རིང་བྲིས་མཁན་གོང་མ་རྣམ་པའི་བཀའ་དྲིན་གྱིས་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་རླབས་པོ་ཆེ་བསྐྱངས་པས།ད་ལྟ་རང་ཡུལ་མགོ་ལོག་ཙམ་དུ་མ་ཟད་ཐ་ན་རྒྱལ་ཡོངས་དང་འཛམ་གླིང་དུ་ཡང་ངོམས་རིན་ཅན་གྱི་རིག་གནས་ཤུལ་བཞག་ཏུ་གྲུབ་ཡོད།མགོ་ལོག་ནི་བྲིས་གཟུགས་ལ་མཐོང་ཆེན་བྱེད་པའི་ས་གནས་ཤིག་ཡིན་པ་སྔ་རབས་བླ་སྤྲུལ་ཚོའི་བྱེད་སྟངས་དང་བྱ་སྤྱོད་ལས་ཀྱང་མཚོན་ཐུབ་སྟེ། ཐོག་མར་མགོ་ལོག་ནི་བྲིས་མཁན་གྱི་བྲིས་ཡོན་ཤིན་ཏུ་མཐོ་བའི་ས་ཆ་ཞིག་ཡིན་པ་གོང་ནས་གསལ་བཤད་བྱས་ཡོད།དེ་མིན་གསུང་ཆོས་ཡོད་པའི་བླ་སྤྲུལ་ཞིག་ཡིན་ཕྱིན་རང་གི་གསུང་ཆོས་བྲིས་མཁན་ལ་འབྲི་རུ་འཇུག དཔེར་ན་ཆེ་བོའི་གསུང་རབ་ཚང་གི་གསུང་ཆོས་ཡོངས་རྫོགས་གློ་བླ་ཀ་དག་གིས་བྲིས་པ་དང་།བླ་མ་གཏུམ་པོ་ཚང་གི་གཏེར་ཆོས་མང་ཆེ་ཤོས་སྡེ་ནང་པད་གྲགས་ཀྱིས་བྲིས།བླ་མ་བཀྲ་ཕུན་གྱི་གཏེར་ཆོས་མང་ཆེ་ཤོས་པད་གྲགས་ཚང་གི་དངོས་སློབ་ཚེ་བརྟན་བསོད་ནམས་སོགས་ཀྱིས་བྲིས་པ་ཡིན།བླ་སྤྲུལ་མང་པོ་ཞིག་གིས་བྲིས་ཆེན་གྱི་བྲིས་པའི་དག་གསལ་གཙང་བའི་ཁ་འདོན་ཞིག་ཉར་རྒྱུ་ནི་དགེ་མཚན་ཞིག་དང་ཁྱད་ཆོས་ཤིག་ཏུ་བརྩི་བཞིན་ཡོད་དེ།དཔལ་ཡུལ་མཆོག་སྤྲུལ་གྱི་ཞལ་འདོན་ཡོངས་རྫོགས་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེས་བྲིས་པ་དང་།བླ་མ་གཏུམ་པོ་ཚང་གི་ཞལ་འདོན་ཡོངས་རྫོགས་སྡེ་ནང་པད་གྲགས་ཀྱིས་བྲིས།ད་དུང་ཕྱིས་ཀྱི་བླ་ཆེན་གང་མང་གི་ཞལ་འདོན་གློ་བླ་ཀ་དག་དང་པད་གྲགས་ཚང་གིས་བྲིས་པས་ཀྱང་མཚོན་ཐུབ།གཞན་ཡང་སྔོན་གྱི་མགོ་ལོག་གི་ཕྱུག་པོ་མང་ཤོས་ཤིག་གིས་ཁྱིམ་ན་བྲིས་ཆེན་གྱིས་བྲིས་པའི་བཀའ་ཐང་སོགས་ཡིག་ཆེན་རེ་གཉིས་ཡོད་ན་དེ་ནི་ཚོགས་བསགས་དང་ལོངས་སྤྱོད་གཉིས་ལྡན་དུ་བརྩིས་ནས་བླུ་འབྲི་བྱེད་པས།ད་ལྟའི་བར་དུ་སྔོན་གྱི་ཁྱིམ་ཆེན་དག་གི་ཤུལ་ན་ད་དུང་བྲིས་མཁན་གོང་མ་རྣམ་པའི་བྲིས་ཆོས་ལ་མཇལ་རྒྱུ་ཡོད།
དོན་དུ་གནའ་ནས་ད་ལྟའི་བར་བྲིས་མཁན་ཆེན་པོའི་བྲིས་ལ་དོ་ཁུར་བྱེད་པ་ནི་མགོ་ལོག་ཙམ་དུ་མ་ཟད་རྒྱ་རིགས་དང་འཛམ་གླིང་ཡོངས་སུ་སྲོལ་རྒྱུན་ཆགས་ཡོད།མི་རྣམས་ཀྱི་དཔལ་འབྱོར་གྱི་ཆ་རྐྱེན་ཅི་ཙམ་བཟང་ན་དེ་ཙམ་གྱིས་རིག་གནས་ལ་དོ་ཁུར་བྱེད་ཅིང་དངོས་རྫས་ཉར་ཚགས་ཀྱི་ཁྱབ་ཁོངས་ལ་ཡང་རིག་གནས་བསུང་ངད་ཀྱིས་ཁྱབ་ཡོད།བྲིས་མཁན་ཆེན་པོ་ཞིག་གི་བྲིས་ཆོས་སམ་རི་མོ་བ་ཆེན་མོ་ཞིག་གི་རི་མོ་ཉར་ཚགས་བྱས་ན་དེ་ལ་རིག་གནས་ཀྱི་རིན་ཐང་།ཉར་ཚགས་ཀྱི་རིན་ཐང་།དཔལ་འབྱོར་གྱི་རིན་ཐང་སོགས་རིན་ཐང་གང་མང་ཞིག་ལྡན་པ་དེང་སང་འཛམ་གླིང་ཐུན་མོང་གི་ལྟ་བ་ཡིན།དེར་བརྟེན་སྡེ་ནང་པད་གྲགས་ལྟ་བུའི་མིང་གྲགས་མི་སྣའི་བྲོས་ཆོས་ཉར་ཚགས་བྱེད་པ་ལ་རང་གི་དགེ་མཚན་ངོམས་པ་དང་།མི་རིགས་རིག་གནས་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་མང་པོ་ལ་ཁེ་ཕན་ཡོད་པས།འདིར་ཕྲན་གྱིས་མཁྱེན་རྒྱ་ཡངས་པའི་བླ་སྤྲུལ་དང་ཕྱུག་པོ་རྣམ་པར་སྡེ་ནང་པད་གྲགས་དང་།གཞན་པའི་སྡེ་ནང་གོང་མའི་བྲིས་ཆེན་དག་གི་ཕྱག་བྲིས་ཉར་ཚགས་བྱེད་པར་འབོད་སྐུལ་དང་ཐུགས་རྗེ་ཞུས་པ་ཡིན།
        དྲུག ས་བྲིས་མྱུར་སྐྱོབ་ཀྱི་བསམ་གཞིག
       གཅིག སྡེ་ནང་དགོན་པ་གཙོ་བོ་ཡིན་པའི་ས་བྲིས་འབྲི་མཁན་གྱི་གནས་གཞི་འཛུགས་སྒྲུབ་བྱེད་པ།དེང་སང་བླ་སྤྲུལ་གང་མང་གིས་སློབ་གྲྭ་སྣ་ཚོགས་ཤིག་བསྒྲུབས་བཞིན་ཡོད།སྡེ་ནང་དགོན་པ་ལ་མཚོན་ན་ཡང་དེ་ལྟ་བུའི་ཆ་རྐྱེན་ཡོད་ཤག་ཤག་རེད།དེའི་ཕྱིར་ས་བྲིས་སློབ་སྦྱོང་བྱེད་སའི་སློབ་གྲྭའམ་གཞི་ས་ཞིག་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་ལ།དུས་རབས་ཀྱིས་སྡེ་ནང་དགོན་པ་ལ་བཞག་པའི་འོས་འགན་ཡང་རེད།དེ་མིན་རང་རེའི་རིག་གནས་ཤུལ་བཞག་ལ་ཐུགས་ཁུར་ཆེ་བའི་དགོན་སྡེ་དག་གིས་ཀྱང་དེའི་ཐད་ཀྱི་ཟབ་སྦྱོང་དང་ཆེད་དམིགས་ཀྱི་བྱ་འགུལ་སྤེལ་ནས་སྙམ།
      གཉིས། བྲིས་མཁན་གྲགས་ཆེན་ལ་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་བྱས་ནས་རྒྱུད་འཛིན་མི་སྣ་ལས་བྱེད་དུ་བསྡུ་ཐུབ་ན་ལས་བྱེད་དུ་བསྡུ་བ་དང་།མ་ཐུབ་ན་གླ་ཆེན་ཕོག་ཆེན་གནང་ནས་ཟབ་སྦྱོང་དགེ་རྒན་སོགས་སུ་གདན་འདྲེན་བྱས་ན་སྙམ།
       གསུམ། སྲིད་གཞུང་གི་སློབ་གྲྭའི་ནང་དུ་ས་བྲིས་འཛིན་གྲྭ་སྒྲུབ་པ།དེང་གི་དུས་འདིར་མི་རིགས་སློབ་གསོ་གོང་འཕེལ་དུ་འགྲོ་དགོས་ན་གཞུང་སྒྲུབ་སློབ་གྲྭ་ནི་དཀྱིལ་སྙིང་ཡིན་ལ།དེ་བཞིན་དུ་ཤུལ་བཞག་རིག་གནས་འདི་དར་སྤེལ་བྱེད་དགོས་ན་ཡང་གཞུང་སྒྲུབ་སློབ་གྲྭ་ལ་རག་ལས་ཡོད།ང་ཚོས་བྲིས་གཟུགས་དར་སྤེལ་གྱི་ཁུར་ཆེན་དེ་སློབ་གྲྭ་ལ་བཅོལ་ནས་སློབ་གྲྭ་སོ་སོར་ས་བྲིས་ཀྱི་འཛིན་གྲྭ་སྒྲུབ་པའམ་ས་བྲིས་ཀྱི་བསླབ་ཚན་བཀོད་བསྒྲིག་བྱས་ན་སྡེ་ནང་ས་བྲིས་འདི་རྒྱུན་འཛིན་བྱེད་ཐུབ།
      བཞི། ཟབ་སྦྱོར་དང་བྲིས་འགྲན་སོགས་ཀྱི་བྱ་འགུལ་སྤེལ་བ།སྲིད་གཞུང་ངམ་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ནས་ཁུལ་ཡོངས་སམ་རྫོང་ཡོངས་ཀྱི་བྲིས་གཟུགས་སྦྱང་མོས་མཁན་རྣམས་ལ་གཅིག་སྡུད་ཀྱིས་ཟབ་སྦྱོང་སྒྲུབ་པ་དང་།རྫོང་རིམ་པ་དང་ཁུལ་རིམ་པ།ཡང་ན་ཞིང་ཆེན་རིམ་པའི་ས་བྲིས་བྲིས་གཟུགས་ཀྱི་འགྲེམ་སྟོན་དང་འགྲན་བསྡུར་སོགས་བསྡུ་བ་བརྒྱུད་བྲིས་མཁན་དག་གི་བྲིས་སྦྱོང་གི་སྤྲོ་བ་དང་བྲིས་སྦྱོང་གི་འདུ་ཤེས་སོགས་སྐྱེད་བསྲིངས་བྱེད་པ་བཅས་སོ།།
     མདོར་ན། སྡེ་ནང་ས་བྲིས་ནི་ཕ་མེས་རྣམས་ཀྱིས་ང་ཚོར་བཞག་པའི་ཆེས་རྩ་ཆེན་གྱི་ཤུལ་ནོར་ཞིག་ཡིན་མོད་ཀྱང་།ད་ལྟའི་བར་དུ་གཅེས་ནོར་ཁྲོད་དུ་འགྲིལ་ལོག་བྱེད་བཞིན་པའི་རང་རེ་མགོ་ལོག་པ་དང་ཁྱད་པར་དུ་སྡེ་ནང་པ་ཚོ་ལ་མཚོན་ན་དེའི་ཐད་ལ་ངོས་འཛིན་ལེགས་པོ་ཞིག་ཐོབ་མེད།ད་ལྟ་རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཁག་གི་རྩིས་མཐོང་འོག་སྡེ་ནང་ས་བྲིས་ཀྱི་རིན་ཐང་དེ་གསེར་ས་འོག་ལ་ཤོར་ཡང་འོད་ནམ་མཁའ་ལ་ཁྱབ་བཞིན་ཡོད།ང་ཚོས་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ནས་སྡེ་ནང་ས་བྲིས་ཀྱི་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་བར་ནུས་ཤུགས་གང་ལྕོགས་བཏོན་ནས།སྡེ་ནང་ས་བྲིས་དེ་འཛམ་གླིང་གི་དངོས་པོ་མ་ཡིན་པའི་ཤུལ་བཞག་ཏུ་འདེམས་ཐུབ་པར་བརྩོན་ལེན་བྱེད་དགོས།དེ་ལྟར་བྱས་ན་ད་གཟོད་བྲིས་མཁན་གོང་མ་དག་གི་བཀའ་དྲིན་གཞལ་ཞིང་ཐུགས་སྨོན་འགྲུབ་པ་ཡིན་ནོ།།

阅读272
分享
写下您的评论吧