༄༅།མཁས་དབང་སྨོན་ལམ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

རྡོར་བྷ།
2015-04-05




ནང་དོན་གནད་བསྡུས།   རྩོམ་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲུང་ཡིག་ཆེན་མོ་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས་སུ་བྲིས་ཡོད།

གནད་ཚིག   སྨོན་ལམ་རྒྱ་མཚོ།   མཛད་རྣམ།   ཡིག་གཟུགས།



༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་སྐུ་པར།


   

གངས་ལྗོངས་ཡི་གེའི་བྱེད་པོ་སམ་བྷོ་ཊ།།

ཚད་ལྡན་ཐིག་རིས་འབེབས་མཁས་གཡུ་ཁྲི་བ།།

ཞིང་འདིར་བརྒྱུད་པ་སྤེལ་མཛད་ཀུན་མཁྱེན་རྗེ།།

སྨྱུག་འཛིན་མཁན་པོ་སྨོན་ལམ་རྒྱ་མཚོར་འདུད།།


རྨད་བྱུང་ཐུགས་རྗེའི་འཇུག་པ་གསེར་གྱི་གཞིར།།

གཞན་ཕན་དགེ་བ་དཔག་བསམ་འཁྲི་ཤིང་ཅན།།

ཚད་མེད་བཀའ་དྲིན་འབྲས་བཟང་གཡུར་ཟ་བ།།

སློབ་དཔོན་དམ་པའི་མཛད་འཕྲིན་སྤེལ་ལ་སྤྲོ།།

        ཞེས་ཚིགས་སུ་བཅད་པའི་དར་དཀར་ཡུག་ཅིག་གིས་སྔུན་བསུས་ཏེ།གང་གླེང་བར་བྱ་བ་ལ།ཕྱི་ནང་གི་རིག་པའི་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་གཞན་དྲིང་མི་འཇོག་པའི་མཁྱེན་རབ་དང་ལྡན་པ།བོད་ཀྱི་དེང་རབས་སློབ་གསོ་བ་གྲགས་ཆེན་དང་ཡིག་མཁན་ཀུན་གྱི་གཙུག་རྒྱན་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་ནི།མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སའི་ཆར་གཏོགས་ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་བའི་ཐང་ཞེས་པའི་གྲོང་སྡེ་རུ་ཡབ་གཡིས་ཀ(ཁང)མགོན་པོ་སྐྱབས་དང་།ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་(༡༩༢༨)ལོར་འཁྲུངས།   ཁོང་གི་ མེས་པོ་གཡིས་ཀ་ལྕོགས་པོ་བྱམས་དང་ཀུན་མཁྱེན་ལྔ་བ་ཆེན་པོའི་ཡབ་རྒྱལ་བོ་མགོན་པོ་དོན་གྲུབ་བར་མནའ་གན་བཞག་ཡོད་པས།ཀུན་མཁྱེན་བླ་མས་ཐུགས་རྗེས་གཟིགས་པའི་རྟེན་འབྲེལ་འགྲིག


 (པར་འདི་ནི་༡༩༢༦ལོའི་ཟླ་༡༠བར་མཱ་ཆིའི་ཇག་ཚོགས་མཐར་སྤྱུགས་གཏོང་བར་ཡབ་རྒྱལ་བོ་མགོན་པོ་དོན་གྲུབ་ དང་སྐུའི་གཅེན་པོ་ཧྭོང་ཟི་ལིན་ཨ་པ་ཨ་བློ་གཙོ་མཛད་པའི་བྱང་ཉི་མ་བླ་བྲང་གི་ཁོངས་སུ་འདུ་བའི་ཡུལ་ཕྱོགས་སོ་སོའི་དཔོན་པོ་དང་ཤོག་ཚན་ཁག་གི་ཁ་བ་འགོ་བ།གཞན་མི་རེར་སྐྱེལ་མིའམ་མཆན་རོགས་བཞི་ལྔ་རེ་སྣང་བ་བཅས་བསྡོམས་པས་མི་ཉིས་བརྒྱ་སུམ་ཅུ་ལྷག་དངུལ་རྭའི་རྩྭ་ཐང་དུ་མནའ་འབྲེལ་གཙིགས་དམ་ཆེན་པོ་བཞག་རྗེས་ཀྱི་ལྷན་རྒྱས་སུ་བསྐྱོན་པའི་མཉམ་པར་ཡིན་ཞིང་།དེའི་ཁྲོད་དུ་དམ་པ་ཁོང་གི་ཡབ་མེས་དང་གུས་པ་བདག་གི་ཡང་མེས་སོགས་འདུས་ཡོད།)


ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། དགུང་ལོ་བཅུ་ གཅིག་པ་ས་ཡོས་(༡༩༣༩)ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལྷ་མོ་ཚུལ་ཁྲིམས་དང་།    རྗེ་ཨོཾ་འཁྱིལ་བ་འཇམ་ དབྱངས་ལེགས་བཤད།རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་ སྔགས་རིག་གནས་དང་བཅས་པའི་གཞུང་ལ་ཐོས་བསམ་གང་ལེགས་གནང་།   ནང་སྒོས་སུ་རྗེ་ དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ཡུན་རིང་དུ་བསྟེན་ཏེ་ཆོས་སྤྱོད་དང་།སུམ་རྟགས། སྙན་ ངག   ལེགས་སྦྱར་གྱི་སྒྲ་གཞུང་།ཚད་མ་སོགས་ཐུན་མོང་རིག་གནས་ཁག་ལ་གསན་སྦྱོང་རྡོ་རུས་ ཐུག་པ་མཛད་པའི་ཞར་དུ་ཀུན་མཁྱེན་གཉིས་པ་ཆེན་པོའི་སྐུ་རིང་ནས་དར་འཕེལ་བྱུང་ཞིང་ དཔང་ལོ་ཆེན་པོ་ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡི་གེའི་ཁྲིད་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་བྲིས་ཀྱི་རི་མོའི་བཀྲག་མདངས་མ་ཉམས་པ་དབུ་ཅན་གྱི་ཡིག་གཟུགས་དང་།   གཙང་གི་ འབྲི་རྒྱུན་དབུ་མེད་འབྲུ་ཆེན་བྲིས་རྙིང་།ལཉྫ།ཝརྟུ་བཅས་ཀྱི་ཐིག་དང་ཕྱག་ལེན་ལ་འབྱོངས་པར་བསླབས་ཤིང་།དེ་མིན་ཀུན་མཁྱེན་བླ་མ་ལྔ་བ་ཆེན་པོ་མཆོག་རབ་བྱུང་བཅུ་དྲུག་པའི་མེ་གླང་ (༡༩༣༧)ལོར་དབུས་སུ་ཞབས་སོར་འཁོད་ནས།ལྕགས་འབྲུག(༡༩༤༠)ལོར་ཕྱིར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས།སྐུ་རྗེས་སུ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཏེ།པོ་ཏཱ་ལའི་རྩེ་ རིག་གནས་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཡིག་གཟུགས་རྩེར་ཐོན་ཅིང་བྱ་དགའ་ཆེས་ལེགས་པ་ཐོབ་མྱོང་བ།ཀུན་མཁྱེན་ལྔ་པ་ཆེན་པོ་མཆོག་གི་སྐུ་ཉེ། བདེ་ཆེན་ ཤིང་རྭ་ཤར(ད་ལྟ་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་ཁོངས་གཏོགས་སྟག་རྩེ་རྫོང་སྲིད་ གཞུང་གི་གནས་ཡུལ)དུ་འཁྲུངས་པའི་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཞུ་བ་མདོ་སྨད་དུ་ གདན་འདྲེན་ཞུས་ཤིང་།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐུབ་བསྟན་ཆོས་ཀྱི་ཕོ་བྲང་མཐོན་པོ་རུ་ རབ་བྱུང་བཅུ་དྲུག་པའི་ཆུ་རྟ་(༡༩༤༢)ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་བླ་བྲང་རྩེ་སློབ་གྲྭ་གསར་དུ་བཙུགས་པའི་ཡིག་གཟུགས་ཀྱི་དགེ་རྒན་དུ་བསྐོས་པ།   ཁོང་གི་མདུན་ནས་ དགུང་ལོ་བཅོ་ལྔ་བ་ཆུ་རྟ་(༡༩༤༢)ལོའི་ཧོར་ཟླ་དང་པོ་ནས་བརྩམས་ཏེ་དགུང་ལོ་ཉི་ཤུ་བ་མེ་ཕག་(༡༩༤༧)ལོའི་བར་ལོ་ངོ་དྲུག་གི་ཡུན་ལ་དགའ་ལྡན་ཡིག་གསར་དང་བཅས་པ་སྟེ།   དེང་ སང་མདོ་སྨད་ཁུལ་དུ་པོད་(བོད་)བྲིས་དང་། དབུས་བྲིས་བྲིས་རྙིང་ཞེས་པར་འབོད་པ།   གོང་ ས་༧རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རྩེ་སློབ་གྲྭ་བཙུགས་རྗེས་ཡུལ་དབུས་སུ་དར་རྒྱས་བྱུང་བའི་དབུ་མེད་ཀྱི་གཟུགས་རིས། སུག་རིང་དང་སུག་ཐུང་། འབྲུ་ཚ་དང་ཚུགས་ཆུང་། རྒྱུག་བྲིས་ དང་འཁྱུགས་བྲིས།ལཉྫ།ཝརྟུ།ཡིག་གསར་དང་ཧོར་ཡིག་སོགས་རྩེ་སློབ་གྲྭའི་ཕྱག་ལེན་ཇི་བཞིན་གོ་རིམ་མ་འཛོལ་བར་ལེགས་པར་སྦྱངས་ཏེ། དགུང་ལོ་བཅུ་བདུན་པ་ཤིང་སྤྲེལ་(༡༩༤༤)ལོར་ ཀུན་མཁྱེན་ལྔ་པ་མཆོག་ལ་སློབ་གྲྭ་བ་རྣམས་ནས་ལན་ཝར་གཟབ་གཤར་ཧོར་ཡིག་སོགས་ སྦྱངས་འབྲས་ཡིག་ཚད་གཟིགས་འབུལ་ཞུས་པར།ཁོང་ཉིད་ཡིག་རིས་ཨང་དང་པོ་ཐོན་པར་ ཀུན་མཁྱེན་མཆོག་གིས་འཇམ་དར་སྤོས་ཁྲེ་གསུམ་དང་།སྲུང་མདུད།ཤིང་ཐོག་སོགས་ཀྱི་གསོལ་རས་བསྩལ་ནས་གཞོན་ནུ་དོན་གཉེར་ཅན་དགུ་བཅུ་ལྷག་གི་ཚོགས་ལས་གཟེངས་སུ་ཐོན་ནས་མཁས་པའི་གྲགས་པ་རིམ་གྱིས་འབར།



(པར་འདི་ནི་༡༩༤༢ལོའི་བླ་བྲང་རྩེ་སློབ་གྲྭ་ཚུགས་སྐབས་ཀྱི་གཟིམས་ཆུང་ཐུབ་བསྟན་ཕོ་བྲང་ཡིན།)



(པར་འདི་ནི་༡༩༢༥ལོའི་བླ་བྲང་གི་ཐུབ་བསྟན་ཕོ་བྲང་ཡིན།)


      དེ་ནས་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་།བཟློག་ཏུ་མེད་པའི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་ པོ་ཟུང་དུ་སྦྲེལ་ཐུབ་པ་ནི་དཔེར་ན།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཚན་ཞབས་པ་ གྲགས་པ་མཐའ་ཡས་དང་།   གཞུང་བརྒྱ་སྨྲ་བའི་དབང་བོ་ཨ་མཆོག་གསུང་རབ་རྒྱ་མཚོ་སོགས་ ལས་སུམ་རྟགས་གཉིས་ལའང་མཁས་པ་སོ་སོའི་ཞལ་སྔ་ནས་ཐེངས་བཅུ་དགུར་གསན་པ་དངོས་སུ་གསུངས་མྱོང་།དེ་ལྟ་བུའི་མཐུ་སྟོབས་ལས་རིག་པའི་གནས་ལ་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཏེ་དགུང་ལོ་ཉེར་བཞི་བ་ཆུ་འབྲུག་(༡༩༥༣)ལོ་ནས་ཀུན་མཁྱེན་འཇམ་དབྱངས་ བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་༧རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་བཀའ་གསུང་བཞིན་ཉི་མ་བླ་བྲང་གི་དྲུང་ཡིག་ཆེན་མོའི་ཁུར་ཡོངས་སུ་བཞེས་ཏེ་དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཕྲེང་བ་ཕྱོགས་ཀྱི་བུ་མོའི་མཛེས་རྒྱན་དུ་གྱུར།

       དགུང་ལོ་ཉེར་ལྔ་བ་ཆུ་སྦྲུལ་(༡༩༥༣)ལོ་ནས་གསར་བརྗེའི་བྱ་བར་ཞུགས་ཏེ་བསང་ཆུ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་དྲུང་ཆེན་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་སོ་གཅིག་པ་ས་ཁྱི་(༡༩༥༨)ལོའི་བར་དུ་རྒྱལ་གཅེས་ཆོས་གཅེས་ཀྱིས་བྱ་བ་ལ་གཞོལ་བར་མཛད།   རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་གི་ལས་འགུལ་ཁྲོད་དུ་བསམ་མི་ཕོད་པའི་འཐབ་ རྩོད་སོགས་ཀྱིས་སྐུ་ལ་འོ་བརྒྱལ་ཆེན་པོ་མྱངས་ཏེ་ལུས་སེམས་ལ་བརྡབ་གསིག་མནར་གཅོད་མི་ཟད་པ་ཐེབས་པས།   རྗེས་སུ་སྙན་གྱི་དབང་བོ་ཕལ་ཆེར་ཉམས་པར་གྱུར།

དགུང་ལོ་ང་གཅིག་པ་ས་རྟ་(༡༩༧༨)ལོར་བྱ་བའི་ལས་གནས་སླར་གསོ་བྱས་ཏེ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་སོགས་གོང་རིམ་གྱི་བཀའ་ལྟར་ཁྲིན་ཏུའུ་སོགས་སུ་ ཕེབས་ཏེ་རྒྱ་བོད་ཀྱི་མཁས་ཆེན་དུ་མ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་ཁ་སྐོང་དང་ཞུ་ དག ཐ་མའི་གཏན་ཕབ་ཀྱི་ལས་དོན་སོགས་རྩོམ་སྒྲིག་གི་བྱ་བར་ལོ་ངོ་གསུམ་རིང་ཞུགས་ཏེ།   ཐ་སྙད་འཚོལ་སྒྲིག་དང་རྩ་བའི་ཐ་སྙད་འགྲེལ་བཤད་དང་བཅས་པ་བོད་བྱིངས་ཀྱི་སྤྱི་སྐད་དུ་ བསྡུ་བའི་གྲས་སུ་ཞུགས།ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཡང་དག་པའི་ལམ་ཕྱོགས་དང་སྲིད་ཇུས་ཀྱིས་ནག་མེད་ཉེས་འགེལ་གྱི་རྙོག་ཟིང་དྲང་བཅོས་བྱས་ནས།དགུང་ལོ་ང་གསུམ་བཞེས་པ་ལྕགས་སྤྲེལ་(༡༩༨༠)ལོར་དཀར་འདོན་ཐོབ་ཅིང་།   ལོ་དེའི་ལོ་མཇུག་ནས་བཟུང་རྩ་འཛུགས་ཀྱིས་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭ་(ད་ལྟའི་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ)ཡི་སློབ་གཙོ་གཞོན་པ་དང་མཚན་འཛིན་སློབ་གཙོ་བཅས་ཀྱི་འགན་རིམ་པར་བཞེས་ཏེ།   རང་ཅག་བོད་མི་ རིགས་ཀྱི་རིག་གནས་སློབ་གསོ་ལ་ཐུགས་ཞེན་ཟབ་ཅིང་ཤེས་རིག་ཡར་རྒྱས་དང་མི་རིགས་སློབ་གསོའི་བྱ་བཞག་གི་དོན་དུ་སློབ་བུ་རབས་དང་རིམ་པར་བརྩེ་གཟིགས་ཟོལ་མེད་ཀྱིས་བསྐྱངས་ཏེ་སུམ་རྟགས་དག་གསུམ་དང་།ཡིག་གཟུགས་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་བར་གསེང་དུ།གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་རིགས་དང་།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་།སྤྱི་ཚོགས་ཀྱི་ལས་བྱེད་པ་སོགས་བོད་ཡིག་སློབ་མཁན་དུ་མ་ལ་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཁྲིད་ཅིང་།སློབ་གྲྭའི་ཕྱི་ནང་དུ་རིག་གནས་ཀྱི་རྐང་འཛིན་པར་གྱུར་པ་མང་པོ་སྐྱེད་སྲིང་བྱས།

       དགུང་ལོ་ང་དགུ་བ་རབ་བྱུང་བཅུ་བདུན་པའི་མེ་ཡོས་(༡༩༨༧)ལོར་སྐུ་ངལ་ལ་མ་འཛེམས་པར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭ་རང་གི་བོད་སྐད་ཡིག་གི་བསླབ་དེབ་གསར་སྒྲིག་གི་བྱ་བར་ཐོག་མཐའ་བར་གསུམ་དུ་སྤྱི་དང་གཙོ་ཕྱོགས་ཀྱི་འགན་ཕྲག་ཏུ་བཞེས་ཏེ།   དེབ་བཅུ་གཉིས་ཀྱི་བདག་ཉིད་ཅན་རྩོམ་སྒྲིག་མཛད་ནས་ཡིག་འབྲུ་ཁྲི་༡༢༠ཟིན་པ་དེར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད།དུང་དཀར་རིན་པོ་ཆེ་སོགས་མཁས་མཆོག་དུ་མའི་བསྔགས་ བརྗོད་ཐོབ།

      ཁོང་ནི་དུས་དང་ནམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་མཁན་ཞིག་དང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད།མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་ངལ་བ་འཛེམས་མེད་ཀྱིས་ཐུགས་སྟོབས་ཡོད་ཚད་འདོན་མཁན་ཞིག་ཡིན་པས།ཞིང་ཆེན་དང་ཁུལ་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ་ཅིང་ཆོ་ལོའང་མང་བོ་བསྩལ་ཡོད། དགུང་ལོ་དྲུག་ཅུ་པ་ས་འབྲུག་(༡༩༨༨)ལོར་རྒྱལ་ཡོངས་རི་མོ་ཡིག་གཟུགས་གསར་བ་འདེམས་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྩལ་བའི་ཡིག་གཟུགས་ལེགས་པ་(དབུ་ཅན)ཨང་དང་པོའི་བྱ་ དགའ་ཐོབ།   ལོ་དེར་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་གོ་མིང་བཞེས།

      ལོ་ཡི་བགྲང་བྱ་བཅུ་ལ་ཉེ་བའི་རིང་ལ།ཁོང་གིས་ང་ཚོར་བཞག་པའི་བརྩམས་ཆོས་གཙོ་བོ་ནི་ཐོན་མིས་བོད་ཡིག་བཟོས་པའི་ལོ་རྒྱུས་དང་། བོད་ཡིག་གི་རྣམ་གཞག་དང་། བོད་ཡིག་དབུ་ཅན་འབྲི་ཚུལདང་།བོད་ཀྱི་ཡིག་བསྐུར་རྣམ་བཞག་སྐོརསོགས་ཉེར་མཁོའི་རིགས་མང་པོ་བཞུགས་ལ།་མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ་བོད་ཡིག་གི་སྐོར་ལ་ལྟ་ཚུལ་རགས་ཙམ་གླེང་བ་སོགས་རིན་ཐང་ལྡན་པའི་དཔྱད་རྩོམ་མང་བོ་ཡོད་པ་དང་།   ཁུལ་སྲིད་གྲོས་ཀྱི་ཀན་ལྷོའི་རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞེས་པའི་ཁོངས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་གནད་འདྲིལ་ཞེས་པ་ཞིག་བརྩམས་ཤིང་།རྐང་ཚའི་དགོན་སོགས་དགོན་པ་བཅུ་ཕྲག་ལྷག་གི་ལོ་རྒྱུས་མདོར་བསྡུས་ཚིག་ཉུང་ལྟ་བདེ་མང་བོའང་རྩོམ་སྒྲིག་གནང་ཡོད།

       དེ་མིན་ད་དུང་ཕྱག་ལས་སྣེ་མང་གིས་བྲེལ་ཡང་ལས་བཅོལ་ཁུར་བཞེས་མཛད་ནས་མདོ་སྨད་ཆོས་འབྱུང་དང་། བཀའ་ཆེམས་ཀ་ཁོལ་མ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་ཅོ་ནེའི་བསྟན་འགྱུར་དཀར་ཆག་ཀུན་མཁྱེན་སྐུ་རབས་གཉིས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་དཔེ་རྒྱུན་གང་དཀོན་མང་བོ་ལྕགས་པར་དུ་འདེབས་པའི་ཞུ་ཆེན་གྱི་འགན་བཞེས་ནས་གཞུང་དེ་དག་གི་རྩོམ་པ་པོ་དང་ཞུ་དག་མཛད་ཚུལ་མཚམས་སྦྱོར་མཛད།འདི་ལས་གླེགས་བམ་དུ་མ་ཞིག་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་ཞིང་ཆེན་བཅོ་ལྔའི་དཔེ་ཚོགས་དཔྱད་བསྡུར་ཁྲོད་དུ་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཐོབ།

      ཁྱད་པར་དུ་༡༩༨༢ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུང་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་དུ་སྤྱན་དྲངས་ཏེ།   དེ་གའི་རྩོམ་སྒྱུར་ཅུས་ཀྱིས་བསྐུལ་བའི་ངོར།   དུས་ཚོད་ཐུང་ངུའི་ནང་མཁས་དགུའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་ཡི་གེའི་མ་ཕྱི་བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར་ཞེས་པ་བརྩམས་གནང་ མཛད་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་སྨིན་པར་མཛད། ཡིག་གཟུགས་འདིའི་ཐིག་རྩ་དང་ལག་ལེན་གྱི་ཐད་ལ་ཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་དང་། ཁྱུང་བོའི་ཡང་སློབ་ མཁས་པ་རོང་པའི་ཐིག་རིས་རིན་ཆེན་སྒྲོམ་བུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབསོགས་ལ་ཁུངས་གཏུགས་ཡོད་མོད།གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ ཆེན་མོས་བཻཊཱུརྱ་གཡའ་སེལདུ་འཁོད་པའི་ཐིག་འགྲེལ་ལ་བསྟུན་པ་ཡིན་ཞེས་སློབ་དཔོན་སྐུ་དྲིན་ཅན་གང་གི་ཞལ་ལས་ཐོས་སོ། །

        གཞན་དུ་བླ་བྲང་དགོན་པའི་གསུང་རབ་དཔར་ཁང་གི་ཡིག་གཟུགས་བརྗེ་བ་དང་། སྔགས་ཡིག་གི་ཡིག་འབྲུ་གསར་སྣོན་མཛད་དེ་དེང་སང་རྒྱལ་ཡོངས་སུ་བོད་ཡིག་གི་དཔར་ཁང་རྣམས་ལས་དཔར་ཁ་ཚང་ཤོས་སུ་གྱུར་བར་མཛད་པ་བཅས་ཀྱིས་བོད་གངས་ཅན་གྱི་རིག་གནས་ཡར་རྒྱས་སུ་འགྲོ་བར་བྱས་རྗེས་གལ་ཆེན་བཞག

        ཁོང་ཉིད་སྐུ་འཚོ་བཞེས་ཀྱི་སྐབས་སུ་སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་།   ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན།   སྲིད་གྲོས་ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་གཞོན་པ།   ཀན་ལྷོ་ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་མཚན་འཛིན་སློབ་སྤྱི།ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་ཤིང་།འཆད་རྩོད་རྩོམ་གསུམ་གྱིས་ཐུགས་ཁུར་ལེགས་པར་སྐྱོང་བཞིན་པའི་སྐབས་དེར།   ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོ་མཆོག་གི་གསེར་ཡིག་འབྱོར་ནས་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་ངོ་གསུམ་གྱི་ཡུན་ལ་ཡིག་གཟུགས་དགེ་རྒན་དུ་གདན་ཞུས་ཕེབས་རྒྱུ་དང་། ཨ་མདོ་བས་དབུ་མེད་ཡག་པོ་མི་འཁྱོངས་པ་དང་དབུས་གཙང་བས་དབུ་ཅན་ཡག་པོ་འབྲི་མི་ཤེས་པའི་སྐྱོན་རྣམས་ལེགས་པར་སེལ་དགོས་པའི་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་འཐོར་བ་ལྟར།དགའ་བ་བརྟས་ཏེ་འགྲོ་གྲབས་བྱས་ཀྱང་།ས་འབྲུག་ལོའི་(༡༩༨༨)ལོ་མཇུག་ནས་ཕྲན་དང་བཅས་པའི་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་འཆད་ཉན་གྱི་བདུད་རྩི་སྤྲོ་ཁོམ་མ་བྱུང་བར་སྐུ་ལ་སྙུང་གཞི་ཐེབས་ཏེ་ཞིང་ཆེན་སྨན་ཁང་སོགས་གང་བཟང་ལ་བསྟེན་ཀྱང་སྨན་བཅོས་ཀྱིས་མ་ཕན་པར།དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་(༡༩༩༠.༡.༨)ལ་སྐུ་ཞི་བར་གཤེགས་སོ།།

                   སྨྲས་པ།

བརྒྱུད་ལྡན་དམ་པའི་ཕྱག་སྲོལ་ཡིག་རིས་གཟུགས།།

སྩོལ་མཁས་དེད་དཔོན་ཆེན་པོའི་མཛད་རྣམ་འདི།།

གང་གིས་བཀའ་ལུང་ཡུན་རིང་ལེགས་མྱོང་བ།།

ཐུགས་རྗེ་བཀའ་དྲིན་གཟོ་ཕྱིར་དགེ་བར་བསྔོ།།


འདིར་འབད་བདག་གིས་ལྷག་བསམ་རྣམ་དཀར་འབྲས།།

ཤེས་བྱས་ཕོངས་པས་འགལ་ནོངས་ཅི་མཆིས་པ།།

མཁས་བླུན་བར་མ་ཀུན་གྱིས་བཟོད་བཞེས་ལ།།

དག་ཐེར་ནོར་བུའི་འོད་ཀྱིས་བྱི་དོར་མཛོད།།


阅读1073
分享
写下您的评论吧