བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་བཞི་བ།

སྤེན་ནོར།
2020-03-02

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་བཞི་བ།


རྩོམ་པ་པོ། སྤེན་ནོར།


           ༥ ༽    སྨྱུག་ཁ་བཟོ་ཚུལ་བཤད་པ།

         འཇམ་དབྱངས་ཁྱུང་པོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་ལས།   གས་ནི་ཚིགས་གཏད་ལྟོ་བ་སོར་གསུམ་ཕྲལ། །མཆུ་ཚད་སོར་གཅིག་ནས་ཚད་ལྟོར་ཕྱུང་ཞིང་། །ངོ་བཞར་མི་བྱ་སྨྱུག་མའི་རིང་ལུགས་བརྟག །ཅེས་བསྟན་པ་ལྟར། སྨྱུག་མར་གས་གཏོང་དགོས་ཤིང་དེ་ལ་སྨྱུག་ཡུར་ཞེས་བརྗོད། གས་མེད་ན་ཡུར་བུ་མེད་པས་སྨྱུག་རྫིང་ནས་སྨྱུག་ཁར་སྣག་ཆུ་འདྲེན་མི་ཐུབ་པས་སྨྱུག་ཁ་ཡང་ཡང་སྣག་ཚར་སྤོག་དགོས་པས་མི་ལེགས།   གས་གཏོང་དགོས་ན་སྨྱུག་མར་སྨྱུག་ཚིགས་དགོས་ཤིང་དེ་མེད་ན་སྨྱུག་མ་ཐུང་བས་ཡོངས་སུ་གས་འགྲོ། དེས་ན་སྨྱུག་རྟིང་སྨྱུག་ཚིགས་ལ་བཅོལ་དགོས་པ་དང་། སྨྱུག་ཁ་ནས་ལྟོ་བའམ་སྨྱུག་རྫིང་ཡོངས་སུ་རྫོགས་པའི་བར་སོར་གསུམ་ཕྲལ། དེ་ལས་སྨྱུག་ཁར་སོར་གཅིག །ལྟོ་བ་སྟེ་སྨྱུག་མ་གསེག་གཞོགས་བྱས་པའི་བུ་ག་ནར་མོ་དང་། དེའི་ཁ་ཁྱོན་རིང་ཐུང་ནས་འབྲུ་གཅིག་གོ   སྨྱུག་མར་ཕྱི་ཤུན་འཇམ་ཞིང་སྲ་བ་ཞིག་ཡོད་པ་དེ་རྣམ་པ་ཀུན་ཏུ་བཞར་བའམ་འབྲད་པར་མི་བྱ་སྟེ།   དེ་འབྲད་པས་སྨྱུག་མ་ཆུས་བརླན་ཏེ་བྲིས་ནས་ཡུན་དེ་ཙམ་མི་ལོན་ནའང་སྨྱུག་ཁའི་དབྱིབས་འགྱུར་བ་སོགས་སྨྱུག་མའི་གཤིས་ལ་བརྟག་སྟེ་སྨྱུ་གུ་བཟོ་དགོས་སོ།། མཚོན་དོན་གྱི་དབང་དུ་བྱས་ན། སྨྱུག་རྟིང་ཚིགས་ལ་གཏད་པས་ངན་སོང་གི་སྐྱེ་སྒོ་ཁེགས་པ་དང་། འབྲི་བ་པོ་ཚེ་རིང་བའི་རྟེན་འབྲེལ་ཡང་ཡོད་དོ༎

     གོང་གསལ་དང་ཕྱོགས་མཚུངས་པར་ཀླུ་དབང་མགུལ་རྒྱན་ལས། སྒུར་དང་རྩེ་ལེབ་རྒྱབ་ཏུ་བསྟན། །བ་ཤ་ལག་པ་རྒྱབ་ཏུ་བསྐྱུར། །ཕྲ་བ་མཆུ་ལ་སྦོམ་པ་མཇུག །སོར་གསུམ་ཚད་ནས་སྣུབས་ཕྱེད་བླང་། །སྣག་ལམ་གཞུང་ལ་གས་འདྲོངས་བཤད། །ཟུར་གཞོགས་སྐབས་དང་སྐབས་སུ་སྦྱར། །གཅོད་གདན་མཁྲེགས་པའི་སྟེངས་ཤིག་ཏུ། །ཁ་སྦུབས་སྟེ་ཁ་སྲབ་པར་གཞོགས། །སྔ་ཟུར་ཅུང་མཐོ་ཕྱི་ཟུར་དམའ། །སེར་ལ་མི་གཅོད་སྐམ་ལ་གཅོད། །གཅོད་དུས་གྲི་ཁ་འགྱེལ་བུབ་མེད། །ནན་དེ་མནན་པའི་ཁྲིགས་གཅོད་དེ། །སྐད་འབྱིན་བར་དུ་གཅོད་པར་བྱ། །ཞེས་གསུངས་པ་ལྟར། སི་ཤིང་གི་སྨྱུ་གུ་བཟོ་བའི་ཚེ། གལ་ཏེ་ཤིང་སྒུར་ན་སྒུར་བའི་ཕྱོགས་དེ་དང་། ངོས་རྩི་དང་བཅས་པ་ལེབ་མོ་དེ་སྨྱུག་རྒྱབ་ཏུ་བསྟན་པར་བྱ་སྟེ། བ་ཤ་ཞེས་སི་ཤིང་ལ་སྐྱེས་པའི་ལྕུག་ཕྲན་ལག་པ་ཡོད་པ་དེ་སྨྱུག་རྒྱབ་ཏུ་བསྟན་པ་དང་འབྲེལ་ལྕུག་ཕྲན་རྣམས་བསྐྱུར་ནས་མེད་པ་ལྟར་དུ་བཅོས། སི་ཤིང་གི་འགོ་ཕྲ་ལ་མཇུག་སྦོམ་པས་ཕྲ་སར་སྨྱུ་གུའི་མཆུ་གཏོད་ལ་སྦོམ་སར་མཇུག་གམ་སྨྱུག་རྟིང་བྱེད།   ཤིང་གི་འགོ་མཇུག་མ་ནོར་བར་བྱས་པས་འབྲི་བ་པོ་ས་ལམ་བདེ་བར་བགྲོད་པའི་རྟེན་འབྲེལ་ཡོད།   འགོ་ནས་བརྩིས་པའི་སོར་གསུམ་གྱི་ཚད་ནས་སྦུབས་ཕྱེད་དེ་སྨྱུག་ཁའི་ཕྱེད་གོང་ལེན་པའི་འགོ་འཛུགས། དེ་ལྟར་བྱས་པས་སྣག་ལམ་གཞུངས་པ། སྨྱུག་ཁའི་གས་འདྲོང་བ་བཅས་འབྱུང་བར་བཤད་དོ། །མཚོན་དོན་གྱི་དབང་དུ་བྱས་ན། སྨྱུ་གུའི་སྒུར་ཕྱིར་བསྟན་པས་འབྲི་བ་པོ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ནས་ཞི་བ་མྱང་འདས་ལ་ཁ་ཕྱོགས་ཏེ་དེ་ཉིད་མངོན་དུ་བྱེད་པའི་རྟེན་འབྲེལ་ཡོད་དོ། །

སྨྱུ་གུའི་རྫིང་བཅོས་ཟིན་རྗེས།   སྨྱུག་ཁ་གཅོད་པའི་གདན་ལ་མཁྲེགས་ཤིང་ངོས་སྙོམས་པའི་དབྱིབས་ཅན་ཞིག་གི་སྟེང་། སྨྱུག་ཁ་སྲབ་པར་གཞོགས། སྨྱུག་ཁ་གཅོད་པའི་ཚེ་ན་སྨྱུག་ཁའི་སྔ་ཟུར་ཅུང་མཐོ་ལ། ཕྱི་ཟུར་ཨེན་ཙམ་དམའ་བར་བྱས་ཏེ་གཅོད། སྨྱུག་ཁ་གཞའ་དང་ལྡན་པ་སེར་ཅན་ལ་མི་གཅོད་པར་སྐམ་ཐག་ཆོད་ནས་གཅོད།   གཅོད་དུས་སྨྱུག་ཁ་གཏོད་པ་པོས་སྨྱུག་གྲིའི་ཁ་ཕྱིར་འགྱེལ་བའམ་ནང་དུ་ཁ་བུབ་པ་སོགས་མེད་པར་དམ་པོས་བཟུང་ཐོག་ནན་གྱིས་མནན་ཏེ་ཁྲིགས་སེ་ཐག་ཆོད་པོས་གཅོད་དགོས་པ་དང་།   ཤུགས་བཏོན་ནས་ཚག་ཅེས་སྐད་འབྱིན་པ་དེ་ལྟ་བུའི་ཚུལ་གྱིས་གཅོད་དགོས་སོ།།

         སྤྱིར་ན་སྨྱུ་གུར་གས་སོར་གསུམ། དེའི་སྨྱུག་རྟིང་ཡང་ཚིགས་ལ་གཏད་པས་གས་སྐྱོན་ཤོར་བ་ཉུང་། གས་སྐྱོན་གྱི་སྔོན་འགོག་དང་བྱུང་ཟིན་དག་ལ་རྒྱུན་བུ་ཕྲ་མོ་སོགས་ཀྱིས་ཆིངས་བྱེད་པའང་ཡོད་དེ། ལྔ་བཅིངས་སུམ་སྐོར་འཕྲུལ་ཆིངས་སྐོར་མདུད་བྱ། །ཞེས་ཆིངས་ལྔ་དང་གསུམ་སོགས་མདུད་པ་སྣ་ཚོགས་དང་བཅས་ཏེ་བྱེད་དགོས་པར་བསྟན་ཏོ།   །ཆིངས་བསྐོར་བའི་མང་ཉུང་དང་།མདུད་པའི་དམ་ལྷོད་སོགས་རང་དགར་མི་བྱ་བར་འབྲི་བྱའི་ཡི་གེ་མང་ཉུང་ལ་ལྟ་དགོས་པའི་སྐབས་ཀྱང་ཡོད་དེ།   རྒྱུགས་ཡིག་གམ་འཁྱུག་གམ་འཕྲིན་ཡིག་ལྟ་བུ་མགྱོགས་པར་འབྲི་དགོས་ན་མདུད་པ་ལྷོད་ཙམ་དང་།   བཅའ་ཡིག་ལྟ་བུ་དལ་བུར་ལེགས་པར་འབྲི་དགོས་ན་སྨྱུག་མདུད་དམ་ཙམ་བྱས་པས་མགྱོགས་བུལ་དང་བསྟུན་པའི་སྣག་ཚ་བཞུར་འོང་བ་ཡིན་ནོ།།

གཞན་ཡང་། ཡིག་གཟུགས་མི་འདྲ་བར་གཞིགས་ཏེ་སྨྱུག་ཁའང་མི་འདྲ་བ་གཅོད་དགོས་ཏེ།   དབུ་ཆེན་ལ་གསེག་ཆེན། དབུ་མེད་རྣམས་སྤྱིར་གསེག་ཆུང་། དེ་ལས་འཁྱུག་ཡིག་ལ་སྔ་ཟུར་རིང་ཙམ། ཚེག་བྲིས་ལ་གསེག་མེད་མཉམ་པར་བཅད་པ། ཟླུམ་བྲིས་ལ་གཉིས་ཆོད། མགྱོགས་བྲིས་ལ་གས་ཆེན། ཞིབ་བྲིས་ལ་གས་ཆུང་བྱེད་དོ། །གཉིས་ཆོད་ཅེས་པ་ནི། སྨྱུག་ཁ་གཅོད་ཚུལ་ལ་སྟེང་ཁོ་ན་ནས་གཅོད་པའི་གཅིག་ཆོད་དང་། སྟེང་འོག་གཉིས་ཀ་ནས་གཅོད་པའི་གཉིས་ཆོད་གཉིས་ཡོད་པའི་ཕྱི་མའོ། །དེ་གཉིས་པོའི་ཁྱད་ཆོས་ནི། ཇི་སྐད་དུ། སྨྱུག་ཁ་གཅིག་ཆོད་བྱས་གྱུར་ན། །ཡི་གེ་ལེགས་པའི་གནད་ཅིག་ཡོད། །སྨྱུག་ཁ་ཉིས་ཆོད་བྱས་གྱུར་ན། །སྨྱུག་ཁ་སྲ་བའི་གནད་གཅིག་ཡོད། །ཅེས་རླུང་ལྟར་གྲགས་སོ། །

མུ་འགོད



ཡིག་གཏགས་པ་དང་རྩོམ་སྒྲིག་པ་ཧེ་རམ་པ།

阅读745
分享
写下您的评论吧