བོད་ཀྱི་ཡིག་གཟུགས་ལ་དོ་སྣང་བྱེད་དགོས་པར་བཤད་པ་།
རྔ་བ་འབའ་ཡོན་ཏན།
བླ་མ་སཾ་བྷོ་ཊ་ལ་ཕྱག་འཚལ་ལོ།།གང་གི་ལྷག་བསམ་གཙང་མ་ཡིས༎དམ་པ་དེ་ལ་གུས་བཏུད་ནས༎སུ་ཞིག་རང་རིགས་ཤ་ཚ་བ༎མ་བུ་དེ་ནི་དཔའ་བོའི་མཆོག།
དེ་ཡང་རང་ཅག་བོད་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོང་གཤིས་སོགས་ནི་གནའ་ནས་བཟུང་འཛམ་གླིང་སྟེང་དུ་གོ་ས་ཆེ་གྲས་ཤིག་བཟུང་ཡོད་པ་མ་ཟད།ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱང་ལྡན་པ་ཞིག་རེད། དེ་ལྟར་ ང་ཚོ་ལ་ཁྱད་དུ་འཕགས་པའི་རིག་གནས་ཆེ་ཆུང་བཅུ་ཞེས་ཐོས་པ་ཙམ་གྱིས་དགའ་ལྷང་ལྷང་གི་སྣང་བ་སྟེར་བའི་རིན་ཆེན་ནོར་བུ་ཞིག་ཡོད་པ་ནི།ཡུལ་གང་དུ་སོང་ཡང་ངོམ་ཆོག་ཆོག་ཅིག་ཡིན།དེ་མཚོན་བྱེད་ནི་བོད་ཀྱི་ཡིག་གཟུགས་ཡིན་པས་ན།དུས་རབས་འཕོ་འགྱུར་ཇེ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར།སྔོན་བྱོན་དམ་པ་རྣམས་ཀྱིས་མཛད་ནོར་བུ་རིན་པོ་ཆེ་་དེ་ལྟ་བུ་དེ།བོད་ཀྱི་ཡིག་གཟུགས་ལ་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཧ་ཅང་དོ་སྣང་དང་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་རེད།
དེ་ལྟར་ང་ཚོ་བོད་མི་རིགས་ཀྱི་ཡིག་གཟུགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་བཟང་པོ་ཡོད་པ་མ་ཟད།ཡིག་གཟུགས་མི་འདྲ་བ་གྲགས་མང་པོ་ཞིག་ཡོད།འོན་ཀྱང་དེང་སྐབས་མི་མང་ཞིག་གིས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ངོས་ཟིན་གྱི་མེད་པ་རེད།ང་ཚོས་ངེས་པར་དུ་བོད་ཀྱི་ཡིག་གཟུགས་ངོས་འཛིན་དང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོསཔ་ཡིན།
དེས་ན་ང་ཚོ་བོད་མི་རིགས་ལ་ཡིག་གཟུགས་ག་ཚད་ཡོད་པ་དང་ཁྱད་ཆོས་གང་དག་ཡོད་ཅེས་ན།ཕྲན་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ཞན་པས་འདིར་ཡང་དག་པ་ཞིག་བཤད་མི་ཐུབ་པས་ངོ་སྤྲོད་བཟང་པོ་ཞིག་བྱེད་མི་ཤེས་མོད།ཡིན་ན་ཡང་ང་རང་གིས་དགེ་རྒན་དམ་པ་རྣམས་ཀྱི་སློབ་ཁྲིད་བསྟན་པ་ལས་ཐོན་པའི་འབྲས་བུ་ཅུང་ཙམ་རེ་དང་དཔེ་ཆ་འགའ་རེ་བཀླགས་པའི་མྱོང་ཚོར་ལས།ཡིག་གཟུགས་ལ་ཧ་ཅང་དོ་སྣང་བཟང་པོ་ཞིག་བྱེད་དགོས་འདུག་སྙམ་པའི་ཀུན་སློང་ཞིག་དབང་མེད་དུ་སྐྱེས་པའི་རྐྱེན་གྱིས་མདོ་ཙམ་བཤད་རྒྱུ་ཡིན།
དེ་ཡང་ང་ཚོའི་བོད་ཀྱི་ཡིག་གཟུགས་ལ་སྤྱིར་དབུ་ཅན་དང་དབུ་མེད་རིགས་གཉིས་ཡོད་པ་ལས།དབུ་ཅན་ལ་ཁྱད་ཆོས་དྲུག་བཅུ་རྩ་གཉིས་བསྟན་ཡོད་པ་དང་།དབུ་མེད་ལའང་ཁྱད་ཆོས་ཧ་ཅང་བས་ཐོག་མར་བློར་ངེས་དགོས་པ་ཞིག་ལ་དེ་ལྟ་བུའི་ཡིག་གཟུགས་ཀྱི་རྣམ་གྲངས་མཐའ་ཡས་པ་ལས་འབྲི་ཆེ་ཆུང་གཉིས་དང་།སུག་རིང་སུག་ཐུང་གཉིས།ཚུགས་ཆེ་ཆུང་གཉིས།འཕྲིན་འཁྱུག་གཉིས་བཅས་བརྒྱད་དུ་འདུ་བར་གསུངས་ཡོད་པ་རེད།དེ་ལས་གཞན་མཛེས་རྩལ་དང་ཡིད་དབང་འཕྲོག་ཐུབ་པའི་དགེ་མཚན་མང་པོ་ཡོད་ལ།འགྲན་ཟླ་བྲལ་བ་ཞིག་ཡིན་ནོ༎དེ་ལྟར་ང་ཚོས་བོད་ཀྱི་ཡིག་གཟུགས་དང་དེའི་ཁྱད་ཆོས་སོགས་ཆ་ཚང་བ་ཞིག་མི་ཤེས་ནའང་།རགས་ཙམ་ཤེས་ན་དེ་ནི་རང་ཉིད་ཀྱི་རྒྱན་ཆ་ཞིག་ཡིན་པ་མ་ཟད་མི་རིགས་ཀྱི་ལ་རྒྱ་ཞིག་ཀྱང་ཡིན་ནོ༎
དེ་ལས་གཞན་ང་ཚོའི་བོད་ཀྱི་ཡིག་གཟུགས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པ་མ་ཟད།དེ་ཉིད་མ་འོངས་པར་སངས་རྒྱས་ཀྱི་སྤྲུལ་བའང་ཡིན་པར་གསུངས་ཏེ།
ལྔ་བརྒྱའི་ཐ་མར་གྱུར་པའི་དུས། །
ང་ཉིད་ཡི་གེའི་གཟུགས་སུ་སྤྲུལ། །
ང་ཡིན་སྙམ་དུ་ཤེས་བྱོས་ལ། །
དེ་ཚེ་དེ་ལ་གུས་པ་གྱིས། །
ཞེས་གསུངས་པ་ལྟར་ང་ཚོས་རང་གི་ཡིག་གཟུགས་མཐོང་ཆེན་དང་མོས་པའམ་དགའ་ཞེན་དང་དད་པ་དག་སྣང་གི་སྒོ་ནས་བྲིས་ན།དེ་ལ་ཧ་ཅང་བྱིན་རླབས་དང་དངོས་གྲུབ་ཡོད་པ་ཡིན།རང་རེ་བོད་ཀྱི་ཡིག་གཟུགས་ལས་དབུ་ཅན་གྱིས་ཐབས་བདེ་བ་ཆེན་པོ་མཚོན་པ་དང་།དབུ་མེད་ཀྱིས་ཤེས་རབ་སྟོང་པ་ཉིད་མཚོན་ཞེས་པའི་བཤད་རྒྱུན་ཡོད་པ་དང་། ང་ཚོས་ཡིག་གཟུགས་སྦྱང་དགོས་ས་གཙོ་བོ་ཞིག་ནི། རང་ཉིད་ཀྱིས་རྩོམ་ཡིག་འབྲི་བ་དང་། འཕྲིན་ཡིག་འབྲི་བ་སོགས་ཕྱོགས་གང་ཐད་ནས། ཀློག་པ་པོ་ཞིག་གིས་མཐོང་མ་ཐག་ཏུ་འབྲི་མཁན་དེ་རིག་གནས་ཀྱི་ཆུ་ཚད་མཐོན་པོ་ཅན་ཞིག་རེད་སྙམ་པའི་འདུ་ཤེས་ཤིག་ཆགས་ཐུབ་པ་མ་ཟད། རང་ཤུགས་ཀྱིས་འབྲི་པ་པོ་དེ་ལ་ལྟ་ཚུལ་བཟང་པོ་ཆགས་སྲིད། དེང་རབས་བོད་ཀྱི་མཁས་དབང་ཨ་ལག་དོར་ཞི་ནས་ཀྱང་། རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན།། ཁ་འཁྱོག་སྣ་སྡུབས་བུ་མོ་ན་ཆུང་བཞིན།། དེ་བཞིན་རྩོམ་དང་ཡི་གེ་གཉིས་པོ་ལ།། ཡན་ལག་ཚང་བ་སྦྱོང་བར་གནད་དུ་ཆེ།། ཞེས་གསུངས་པ་དང་། ང་ཚོས་ཡིག་གཟུགས་ཡག་པོ་ཞིག་ཤེས་དགོས་ན། ཐོག་མར་དགེ་རྒན་བཟང་པོ་ཞིག་བསྟེན་ཏེ་ཡིད་ཆེས་དང་སྙིང་སྟོབས་ཀྱི་སྒོ་ནས་ཡུན་རིང་ཞིག་ཏུ་སྦྱང་དགོས་པ་རེད། ངག་རྒྱུན་དུ་བྲིས་རབ་ལོ་དྲུག་དང་ལྷ་རབ་ལོ་གསུམ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར། འུ་ཅག་གིས་འཛིན་སྐྱོང་སྤེལ་གསུམ་བྱེད་ན། ད་གཟོད་ང་ཚོའི་ཡིག་གཟུགས་འཕེལ་རྒྱས་ཡོང་བར་མ་ཟད། བོད་མི་རིགས་དང་རྒྱུན་འཛིན་པ་སྤྱི་ལ་ཕན་ཐོགས་ཆེན་པོ་སྟེར་ཐུབ་ངེས་ཡིན།།
སླར་སྨྲས་པ།
གངས་ཅན་ཡི་གེའི་བྱེད་པོ་ཐོན་མི་དང་།།
སྔོན་བྱོན་མཁས་དབང་རྣམས་ཀྱི་བཀའ་དྲིན་ལས།།
བཅུ་ཕྲག་རིག་པའི་རྩ་བ་ཡི་གེའི་གཟུགས།།
རིན་ཆེན་ནོར་བུ་ལྟ་བུའི་དཀོན་མཆོག་སྟེ།།
རང་ཅག་ཕྱི་རབས་རྣམས་ལ་ལེགས་པའི་སྐྱེས།།
གནང་བར་ང་ཚོས་རྒྱུན་འཁྱོངས་སྤེལ་གསུམ་དང་།།
སེམས་དང་ནུས་ཤུགས་ཡོད་ཚད་རང་རིགས་ལ།།
འབུལ་བའི་བསྐལ་བ་བཟང་པོ་དམ་འཛིན་གྱིས།།
རབ་མཛེས་བོད་ཀྱི་ཡིག་གཟུགས་བཟང་པོ་དག།
གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་འདེབས།།
༢༠༠༩ལོའི་ཟླ་༦པའི་ཚེས་༨ཉིན་སི་བོད་སློབ་གླིང་དུ་བྲིས་སོ།།
ཡིག་གཏགས་པ། གངས་འབྲོག་ཕྲུག
རྩོམ་སྒྲིག་པ། རྟ་མགྲིན་མགོན་པོ།