༄༅།།བོད་མདོ་དབུས་ཁམས་གསུམ་གྱི་བྲིས་པ་རྣམས་ལ་༢༠༢༠ལོའི་ཡིག་གཟུགས་ཉིན་མོའི་སྔོན་ལ་སྤྲིངས་བའི་འཕྲིན།
ཁ་བ་བོད་པའི་ཡིག་གཟུགས་མཁས་དབང་དང་ཡིག་གཟུགས་དགའ་ཞེན་པ། གསར་སློབ་རྣམས་ལ་ཞུ་དོན།
༢༠༡༩ལོ་ནི་བོད་ཀྱི་ཡིག་གཟུགས་དྲ་བར་མཚོན་ན་ཆེས་དཀའ་ཚེགས་ཆེ་བའི་ལོ་ཞིག་ཡིན་མོད། དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་དྲ་གཙོ་དང་རྩོམ་སྒྲིག་ཁོངས་མི། ཡིག་གཟུགས་དཔྱད་འདེམས་དགེ་རྒན་རྣམ་པས་དཀའ་སྤྱད་འབད་བརྩོན་གྱིས་བོད་ཀྱི་ཡིག་གཟུགས་ལས་དོན་ལ་མ་སྐུལ་དང་བླང་གི་སྲི་ཞུ་ཅི་ལྕོགས་སུ་བསྒྲུབས་པ་མ་ཟད། སྔ་རྗེས་སུ་ལོ་འཁོར་གཅིག་གི་རིང་ལ་སྡོམ་པས་གསར་འགྱུར་དང་འཕྲིན་ཐུང་། དཔྱད་རྩོམ། རྒྱུན་ཤེས། དྲ་ལམ་འགྲེམ་སྟོན། ཡིག་གཟུགས་དཔེ་ཁྲིད་ཀྱི་བརྙན་རིས། བྲིས་པ་འོས་སྦྱོར། ཡིག་ཆས་ངོ་སྤྲོད། ཡིག་གཟུགས་སྐོར་གྱི་ཡིག་རིགས་གང་འབྱོར་བརྒྱུད་སྤྲོད་དང་ཡིག་ཆས་ཚོང་འགྲེམ་བརྡ་ཡིག་སོགས་དྲ་འགོད་བྱས་པའི་ཁ་གྲངས་བརྒྱ་ཕྲག་གཉིས་དང་ཕྱེད་ལ་ཉེ། ལས་ཀ་འདི་དག་གི་རྒྱབ་རོལ་ན་གྲངས་ལས་འདས་པའི་ངལ་དུབ་དང་། མི་རིགས་ཤིག་གི་རིག་གནས་ལ་བཅངས་པའི་བརྩེ་སེམས་ཀྱིས་སྐུལ་པའི་སྲི་ཞུ་མཁན་གང་མང་ཞིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འདུས་ཡོད་པས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཁོངས་མི་ཡོངས་ཀྱི་ཚབ་བྱས་ནས་རྩོམ་སྒྲིག་པ་ལྷན་རྒྱས་དང་ས་ཕྱོགས་སོ་སོའི་གསར་འགོད་པ། གདན་ཞུའི་དཔྱད་འདེམས་དགེ་རྒན། དུས་དང་རྣམ་པ་ཀུན་དུ་བོད་ཀྱི་ཡིག་གཟུགས་དྲ་བར་དོ་ཁུལ་དང་། རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་ཞུ།
ང་ཚོས་འདས་ཟིན་ལ་སྤྱི་སྡོམ་དང་མ་འོངས་ལ་རྒྱང་ལྟ་བྱས་ནས་༢༠༢༠ལོར་ཡིག་གཟུགས་དྲ་བའི་ལེ་ཚན་སོ་སོ་ཧུར་ཐག་གི་བསྒྲུབ་རྒྱུ་མ་ཟད། བོད་ཀྱི་བྲིས་པ་སོ་སོའི་དགོས་མཁོ་དང་བསྟུན་དེ་ཡིག་རིགས་གང་འབྱོར་དྲ་འགྲེམ་བྱས་ནས་བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་དང་རིག་གནས་རྩ་ཆེན་འདི་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ཕྱོགས་སུ་སྔར་མུས་བཞིན་འབད་པ་ལྷུར་ལེན་བྱ་རྒྱུའི་རེ་བ་ཡོད།
གཞན། བོད་ཀྱི་ཡིག་གཟུགས་དྲ་བ་གསར་དུ་བཙུགས་ནས་ལོ་ངོ་དྲུག་གི་མགོ་བཟུང་ཞིང་། བོད་ཀྱི་ཡིག་གཟུགས་ཉིན་མོ་གཏན་འཁེལ་བྱས་ནས་ལོ་ངོ་བཞི་ལ་ཉེ་བའི་སྐབས་འདིར། བོད་ཀྱི་ཡིག་གཟུགས་ལ་དགའ་མོས་ཡོད་མཁན་དག་གིས་ལོ་ངོ་འདི་དག་གི་རིང་ལ་དཀའ་སྤྱད་འབད་བརྩོན་དང་ངལ་བ་ཁྱད་བསད་ཀྱིས་ཡིག་གཟུགས་སྒྱུ་རྩལ་ལ་སྦྱང་བརྩོན་བྱས་པའི་གྲུབ་འབྲས་ལ་སྤྱི་སྡོམ་དང་། བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་པའི་དུས་ཆེན་གྱི་ལེགས་སྐྱེས་ཤིག་གམ། བྲིས་པ་རང་གི་བྲིས་རྩལ་ལ་ཚོད་སྒམ་མམ། ཡིག་གཟུགས་མཁས་པའི་སྤྱན་སྔར་རང་གི་བརྩམས་ཆོས་ཡིག་རྒྱུགས་ཐེངས་ཤིག་འབུལ་རྒྱུའི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་པས། འདུན་པ་ལྡན་པའི་ཡིག་མཁན་ཚོས་གཤམ་གྱི་དོན་ཚན་དག་ལ་ཞིབ་ཏུ་གཟིགས་རོགས་ཞུ།
དང་པོ། ཡིག་རྒྱུགས་བརྩམས་ཆོས་སྐུར་ཡུལ་དང་དུས་བཅད།
ཉིན་དེ་རིང་ནས་བགྲང་ན་བོད་ཀྱི་ཡིག་གཟུགས་ཉིན་མོ་བར་ཟླ་ངོ་གསུམ་མམ། ཉིན་ཞག་༩༨ཙམ་ལས་མེད་པའི་སྐབས་འདིར།
རྣམ་པ་ཚོས་རང་རང་གི་གནས་ཚུལ་ལྟར་ལུགས་གསར་གྱི་ཟླ༤པའི་ཚེས༧སྔོན་ལ་ཡིག་རྒྱུགས་ལ་འབུལ་རྒྱུའི་བརྩམས་ཆོས་རྣམས་པར་རིས་ཡིག་ཆའི་རྣམ་པའི་སྟེང་ནས་ངེད་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་སྒམ dzgb@163.com དང་ 386007791@qq.com། ཡང་ན་སྐད་འཕྲིན་ddv5237ལ་སྐུར་རོགས་ཞུ། ཡིག་སྒམ་ལ་སྐུར་ཚེ་བརྩམས་ཆོས་ཀྱི་པར་རིས་ཚང་མ་ཡིག་ཆ་བཙིར་གནོན་ཡོ་བྱད་ཀྱིས་གཞི་གཅིག་དུ་བཙུར་ནས་སྐུར་རོགས་ཞུ།
གཉིས་པ། བརྩམས་ཆོས་རེ་འདུན།
༡.ཡིག་གཟུགས་བརྩམས་ཆོས་ཀྱི་པར་རྣམས་འབྱེད་ཚད་མཐོ་པའི་པར་ཆས་ཀྱིས་ངོས་སྙོམ་པོར་དྲང་ཐད་དུ་ལེན་པ་དང་། སྲིད་ཞེང་གཡོ་གཟུར་མེད་པ་ཡིན་དགོས།
༢.ཡིག་གཟུགས་རིགས་མི་འདྲ་བ་གཅིག་ལ་བརྩམས་ཆོས་གཅིག་ནས་ལྔའམ་སྡོམ་པས་བརྩམས་ཆོས་ཉི་ཤུ་ལས་མི་བརྒལ་བ།
༣.བརྩམ་ཆོས་དག་ངེས་པར་དུ་ནང་དོན་དང་མཇུག་བྱང་ངམ་ལོ་ཟླ་ཚེས་གྲངས་སོགས་ཁ་གསལ་དུ་ཡོད་དགོས་པ་མ་ཟད། རྩོམ་པ་པོའི་མིང་ངམ་པིར་མིང་ཐམ་ཀ་སོགས་བཀོད་ཡོད་པའི་ཚད་ལྡན་བརྩམས་ཆོས་ཁོ་ན་ཡིན་དགོས།
༤.ལྕགས་སྨྱུག་དང་སྣུམ་སྨྱུག་ས་སྨྱུག་སོགས་སྨྱུག་ཁ་སྐོར་མེད་པའི་ཡིག་གཟུགས་བརྩམས་ཆོས་ཡིག་རྒྱུགས་ལ་ཞུགས་རྒྱུ་མིན།
གསུམ་པ། དཔྱད་འདེམས་ལ་ཞུགས་པའི་བླངས་བྱ།
༡. ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་འདོད་ཚུལ་ཁས་ལེན་དགོས།
༢.རྩོམ་པ་པོའི་མིང་དང་པིར་མིང་། ལོ་དང་ཡིག་གཟུགས་འབྲི་སྦྱོང་གི་དུས་ཡུན་ལོ་ཚད། ས་གནས་དང་ཁ་པར་ཨང་གྲངས། ལས་རིགས།སྡོད་གནས་སོགས་ཁ་གསལ་ཞིག་རང་ཉི་ངོ་སྤྲོད་ཀྱི་མཇུག་ཏུ་བྲིས་ནས་སྐུར་དགོས།
༣.བརྩམས་ཆོས་ནང་དོན་ཁྲིམས་མཐུན་དང་ཡར་སྐུར་རང་བཞིན་ལྡན་དགོས།
བཞི་བ། དཔྱད་འདེམ་བྱེད་སྟངས།
༡.ཡིག་རྒྱུན་ཁུངས་དག་ཡོད་མེད་གཙོ་བོར་འཛིན་རྒྱུ།
༢.བྲིས་རྩལ་གཙོར་འཛིན་བྱེད་པ་ལས་ཟུར་རྒྱན་མང་པོས་མིག་དབང་འཕྲོག་ཐབས་བྱས་པ་དག་གཙོ་བོར་འཛིན་རྒྱུ་མིན།
༣.བྲིས་རྩལ་མཐོ་དམན་དེ་ཡིག་བྲིས་ལ་བྱང་གོམས་སོང་པའི་ཡིག་གཟུགས་ཀྱི་རྣམ་གྲངས་མང་ཉུང་དང་། བརྩམས་ཆོས་ཀྱི་དག་སྙོམ་མཛེས་གསུམ།པར་ངོས་ཇུས་འགོད། མགོ་མཇུག་བར་གསུམ་སོགས་ལ་གཞིགས་ནས་དཔྱད་འདེམ་བྱ་རྒྱུ།
ལྔ་བ། ཡིག་རྒྱུགས་ཏུ་ཞུགས་པའི་བརྩམས་ཆོས་དཔྱད་འདེམས་ཀྱི་མཇུག་འབྲས་ཐག་གཅོད་བྱེད་སྟངས།
༡.ཡིག་རྒྱུགས་ལ་ཞུགས་པའི་བརྩམས་ཆོས་རྣམས་བོད་ཀྱི་ཡིག་གཟུགས་དྲ་བའི་དཔྱད་འདེམས་དགེ་རྒན་༢༥ནས་གཟིར་གནས་དཔྱད་འདེམས་བརྒྱུད་དེ་བྲིས་རྩལ་མཐོ་དམན་ལྟར་མི་བཞི་བཅུའི་བརྩམས་ཆོས་འདེམས་ནས་གཤམ་གྱི་འགྲེམ་སྟོན་ཁང་བཞི་ལ་ལོ་གཅིག་གི་རིང་འགྲེམ་སྟོན་བྱེད་པའི་ཐོབ་ཐང་བྱིན་རྒྱུ།
༢.ལོ་གཅིག་ལ་བརྩམས་ཆོས་འགྲེམ་སྟོན་གྱི་ནང་དོན་ཐེངས་གཉིས་ལ་བརྗེ་ཆོག་པའི་ཁེ་དབང་ཡོད།
༣.ཡིག་རྒྱུགས་ཁྲོད་འདེམས་ཐོན་བྱུང་པའི་བྲིས་པ་དེར་རིམ་པ་མི་འདྲ་བའི་འགྲེམ་སྟོན་ཁང་བཀོད་སྒྲིག་བྱེད་པ་མ་ཟད། དེ་མཐུན་གྱི་འགྲེམ་སྟོན་དཔང་ཡིག་གནང་རྒྱུ།
༤.འགྲེམ་སྟོན་ཁང་རིགས་གཅིག་ལ་ཡིག་མཁན་བཅུ་ལས་འདེམས་རྒྱུ་མིན།
འགྲེམ་སྟོན་ཁང་བཞིའི་དབྱེ་བ་ནི།
༡.ཡིག་གཟུགས་ཆེད་མཁས་བརྩམས་ཆོས་འགྲེམ་སྟོན་ཁང་།
༢.ཡིག་མཁན་བརྩམས་ཆོས་འགྲེམ་སྟོན་ཁང་།
༣.གསར་སྐྱེ་བྲིས་པའི་བརྩམས་ཆོས་འགྲེམ་སྟོན་ཁང་།
༤.གངས་ལྗོངས་བུ་མོའི་བརྩམས་ཆོས་འགྲེམ་སྟོན་ཁང་།
ཐེངས་འདིའི་བྱ་འགུལ་ལ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་འགྲེལ་བཤད་རྒྱག་རྒྱུ་ཡིན་པས་དོག་གཞི་གང་ཡོད་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྐད་འཇོག་ལེ་ཚན་དང་སྤྱི་བསྒྲགས་འདིའི་མཇུག་གི་དཔྱད་བརྗོད་ལ་དྲི་བ་བཏོན་ཆོག