༄༅།།འཕྲུལ་ཡིག་བཞི་བཅུའི་ཐོག་མའི་ཡིག་གཟུགས་ཀྱི་ངོས་འཛིན་སྐོར་གླེང་བ།

2015-08-20

    འཕྲུལ་ཡིག་བཞི་བཅུ་དེ་རྣམས་ཀྱི་ཐོག་མའི་ཡིག་གཟུགས་གང་འདྲ་ཞིག་ཡོད་དམ་ཞེ་ན།  བོན་གཞུང་མང་པོའི་ནང་ཡི་གེའི་ཐོག་མ་སྟག་གཟིག་སྤུངས་ཡིག་ཟེར་བ་དེ་ཡིན་ཚུལ་གསལ་བ་སྟེལེགས་བཤད་རིན་པོ་ཆེའི་གཏེརལས "དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར།དེ་སྨར་ཆེ་ཆུང་དུ་བསྒྱུར"(ཤོག་གྲངས་༡༥༩) ཞེས་གསུངས་པ་དང་།  ཡང་དེའི་སྔོན་དུ་བོན་ཕྱོགས་མཁས་དབང་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའིགངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམནང་"དེ་ཡང་ཡི་གེ་རྣམ་པ་མང་མཆིས་ཀྱང་།  སྟག་གཟིག་ཡུལ་དུ་སྤུངས་པོ་ཆེ་ཆུང་གཉིས། ཞང་ཞུང་ལོ་ཙཱས་སྨར་ཆེན་སྨར་ཆུང་བསྒྱུར"གངས་ཅན་རིག་མཛོད་༢༩པ་བོན་གྱི་ཐ་སྙད་རིག་གནས་བསྟན་བཅོས་ཕྱོགས་བསྒྲིགས (ཤོག་གྲངས་༡༢-༡༣)ཞེས་གསལ་བ་བཅས་ལ་གཞིགས་ན་སྟོན་པ་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བའི་ཐོག་མའི་ཡིག་གཟུགས་དེ་སྟག་གཟིག་སྤུངས་ཡིག་ཡིན་ཞེས་དམིགས་བཀར་གྱིས་བསྟན་མེད་ཀྱང་། ཡི་གེ་སྔ་རྟིང་བྱུང་རིམ་ཐད་སྟག་གཟིག་སྤུངས་ཡིག་དེ་ཨང་དང་པོར་བཞག་ཡོད་པ་དང་ཞང་ཞུང་གི་སྨར་ཆེན་སྨར་ཆུང་ནི་ཞང་ཞུང་ལོ་ཙཱ་བས་སྟག་གཟིག་སྤུངས་ཡིག་ལ་དཔེ་བལྟས་ནས་བསྒྱུར་བ་ལྟ་བུར་བསྟན་ཡོད་པ་དེའི་ཐོག་ནས་འཕྲུལ་ཡིག་བཞི་བཅུའི་ཐོག་མའི་ཡིག་གཟུགས་དེ་སྟག་གཟིག་སྤུངས་ཡིག་གི་གཟུགས་རིས་དེ་ཡིན་པར་ངོས་འཛིན་དགོས་པ་རང་ཤུགས་སུ་བསྟན་ཡོད་ལ། སྟག་གཟིག་སྤུངས་ཡིག་ཅེས་པའི་ཡིག་དཔེ་ཡང་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད། འོན་ཀྱང་སྟག་གཟིག་སྤུངས་ཡིག་ཟེར་བའི་ཡི་གེ་དེ་འཕྲུལ་ཡིག་བཞི་བཅུའི་ཐོག་མའི་ཡིག་གཟུགས་ཡིན་མིན་ཐད་དོགས་ཚོམ་གྱི་གནས་མང་བ་དང་།  དེ་བཞིན་སྟག་གཟིག་ཟེར་བའི་ཡུལ་དེའི་གོ་དོན་དང་ད་ལྟ་མཐོང་ཆོས་སུ་ཡོད་པའི་སྟག་གཟིག་སྤུངས་ཡིག་འདིའི་ཡིག་གཟུགས་ཀྱི་ཁྱད་ཆོས་ལ་དཔྱད་ན་དེ་འདྲ་ཡིན་པ་རྒྱུ་མཚན་གྱིས་ཀྱང་གྲུབ་མ་ཐུབ་པ་ལྟ་བུར་མཐོང་།   སྟག་གཟིག་སྤུངས་ཡིག་ཟེར་བ་དེ་ཡུལ་གྱི་ཆ་ནས་ཡི་གེར་བཏགས་པའི་མིང་ཞིག་ཡིན།  འོན་ཀྱང་ཡུལ་དེ་གང་དུ་ཡོད་དང་གང་འདྲ་ཞིག་ཡོད་མེད་ཀྱི་ཐད་སྔ་དེང་ཚང་མར་ངོས་འཛིན་སྟངས་མི་འདྲ་བ་མང་དུ་མཆིས་པ་སྟེ།  འགའ་རེས་ཡུལ་དེ་བོད་ཀྱི་ཁོངས་སུ་མ་གཏོགས་པའི་ཡུལ་ཞིག་ཏུ་ངོས་འཛིན་པ་དང་།   འགའ་རེས་བོད་ཀྱི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་པ། བོན་གཞུང་ནང་དུ་ནི་ཡང་དམིགས་བསལ་གྱི་ངོས་འཛིན་ཡུལ་ཞིག་ཡོད་པ་སོགས་ངོས་འཛིན་རྩ་བ་ནས་གཅིག་གྱུར་དུ་མ་གནས་སྟབས་ཡི་གེ་དེའི་ངོ་བོར་ཡང་ངོས་འཛིན་གསལ་པོ་ཞིག་བྱེད་དཀའ་བར་གྱུར། དེས་ན་སྟག་གཟིག་སྤུངས་ཡིག་ཟེར་བ་འདི་གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་ཡི་གེའི་ཐོག་མའི་གཟུགས་རིས་དེ་ཡིན་མིན་གསལ་པོ་ཡོང་ཆེད་ཐོག་མར་སྟག་གཟིག་ཟེར་བའི་ཡུལ་འདིའི་སྐོར་དཔྱད་ཞིབ་རགས་ཙམ་ཞིག་དགོས་གནད་ཆེ་བས་དེའི་སྐོར་མདོ་ཙམ་བརྗོད་པ་ལ།   དེ་ཡང་ལོ་རྒྱུས་དེབ་ཐེར་གསར་རྙིང་ཚང་མའི་ནང་སྟག་གཟིག་ཟེར་བ་འདི་ཡུལ་གྱི་མིང་དུ་ངོས་བཟུང་བ་གཅིག་གྱུར་ཡིན་ཡང་། ཡུལ་དེ་དག་ཕྱི་ནང་ས་ཕྱོགས་གང་དུ་ཡོད་མེད་དང་།   གང་འདྲ་ཞིག་ཡོད་མེད་ཐད་བཞེད་པ་ཤིན་ཏུ་མི་མཐུན་པ་སྟེ།  དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་པོ་ཁ་ཅིག་གིས་སྟག་གཟིག་ནི་ཨ་ཤེ་ཡའི་དབུས་ཤར་གྱི་པར་སིག་ཏེ་དབྱི་ལང་སོགས་ཀྱི་རྒྱུད་དུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་བོད་སྐད་ཀྱི་སྟག་གཟིག་ཅེས་པའི་སྒྲ་དེ་རྒྱ་སྐད་ནང་གི“大食”ཞེས་པའི་སྒྲ་དང་འདྲ་པོ་ཡོད་གཤིས་རྒྱ་སྐད་ཀྱི“大食”ཟེར་བ་དེ་གནའ་བོའི་དུས་སུ་པར་སིག་ཁུལ་གྱི་འབོད་མིང་ཡིན་པས། བོད་སྐད་ཀྱི་སྟག་གཟིག་ཅེས་པ་དེ་རྒྱ་སྐད་ཀྱི་སྒྲ་ཟུར་ཆག་པའི་ཐ་སྙད་རང་ཡིན་ཤག་གིས་པར་སིག་ཡུལ་དུ་ངོས་འཛིན་བྱས་པ་ཞིག་ཡིན་པ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད། གལ་སྲིད་སྟག་གཟིག་དང“大食”གོ་དོན་གཅིག་མཚུངས་ཡིན་པར་གཞིགས་ན་སྟག་གཟིག་ཟེར་བའི་ཡུལ་དེ་བོད་ཀྱི་ས་ཁོངས་སུ་ཡོད་པའི་ཡུལ་ཁམས་ཤིག་མ་ཡིན་པར་ཨ་ཤེ་ཡའི་དབུས་ཤར་རྒྱུད་ཀྱི་ཁ་ཆེའི་ཡུལ་ཞིག་ཏུ་ངོས་འཛིན་དགོས།  ཚང་མས་ཤེས་གསལ་ལྟར་ཨ་ཤེ་ཡའི་དབུས་ཤར་རྒྱུད་ཀྱི་ཁ་ཆེའི་ཡུལ་ཁམས་དང་བོད་གཉིས་དབར་ས་འབྲེལ་མེད་པ་མ་ཟད། ཆོས་ལུགས་དང་། རིག་གནས། གོམས་གཤིས། སྐད་ཡིག་སོགས་གང་ས་ནས་ཐ་དད་དུ་གྱུར་བའི་མི་རིགས་གཉིས་ཡིན།  དེ་གཉིས་དབར་གནའ་བོའི་སྐབས་སུ་ཚོང་འབྲེལ་སོགས་འགྲོ་འོང་གི་འབྲེལ་བ་ཡོང་སྲིད་ཀྱང་།  ཆོས་ལུགས་དང་སྐད་ཡིག་སོགས་ཀྱི་ཐད་ཕན་ཚུན་དཔེ་འདྲེན་གྱི་འབྲེལ་བ་ཡོང་མི་སྲིད་པ་ནི་རིག་པས་ཀྱང་གྲུབ་པ་ཞིག་ཡིན། ཕྱོགས་མཚུངས་སྟག་གཟིག་ཅེས་པ་འདི་ཡང་བོད་སྐད་རང་གི་ཐ་སྙད་ཅིག་ཡིན་ཞིང་། དེའི་སྒྲ་དོན་ནིལེགས་བཤད་རིན་པོ་ཆེའི་གཏེརལས"ཞིང་ཁམས་འདིའི་མཐར་གངས་དབལ་སོ་ཅན་གྱི་རྭ་བས་བསྐོར་བ་དེ་ལ་སྟོན་པ་གཙོ་འཁོར་ལྔ་བོད་དུ་བྱོན་དུས་སྟོན་པས་མདའ་ལམ་དྲངས་པའི་ཤུལ་འདོམ་གང་ཙམ་གྱི་སྒོ་གཅིག་ཡོད་པའི་རིའི་ཁོང་གསེང་ན།  སྟག་གཟིག་ལ་སོགས་གཅན་འཕྲང་དང་། མུན་འཕྲང་ཉིན་ལམ་དགུ་དགུས་ཆོད་པ་ཡོད་པའི་སྒྲ་ཞུགས་ཏེ། བོད་འདི་གངས་རིའི་ཕྲེང་བས་བསྐོར་བ་ལ་གངས་ཅན་བོད་ཟེར་བ་ལྟ་བུའོ"(ཤོག་གྲངས་༡༠)ཞེས་གསལ་བ་དེའི་ཐོག་ནས་སྟག་གཟིག་ཅེས་པ་འདི་རྒྱ་སྐད་ཀྱི“大食”ཟེར་བའི་སྒྲ་ཡི་ཟུར་ཆག་པའི་ཐ་སྙད་མ་ཡིན་པ་གསལ་པོར་མཚོན་ཐུབ།  སྤྱིར་སྐད་རིགས་མི་འདྲ་བ་གཉིས་ཀྱི་ནང་སྒྲ་འདྲ་བའི་མིང་ཚིག་དང་ཕན་ཚུན་སྒྲ་བསྒྱུར་ནས་ཆགས་པའི་མིང་ཚིག་འགའ་ཤས་ཡོད་པ་སྐད་ཡིག་ཚང་མར་ཡོངས་ཁྱབ་ཏུ་ཡོད་པའི་སྣང་ཚུལ་ཞིག་ཡིན་རུང་། སྐབས་འདིར་ཞང་ཞུང་གི་ལོ་རྒྱུས་ཐོག་བྱུང་བའི"སྟག་གཟིག"ཟེར་བའི་ཐ་སྙད་དེ་བོད་སྐད་རང་ཡིན་པ་ལས་དེ་རྒྱ་སྐད་ཀྱི“大食”ཟེར་བ་དེ་སྒྲ་བསྒྱུར་ནས་ཆགས་པའི་ཐ་སྙད་ཅིག་གཏན་ནས་མིན། དེ་ལྟར་འདོད་པ་ནི་ལུང་རིག་གི་དཔྱད་པས་ཟིན་པའི་ཁུངས་བཙན་གྱི་གཞི་འཛིན་ས་གང་ཡང་མེད་པའི་བརྗོད་ཚུལ་རང་དུ་ཟད་པར་སྙམ། ཡང་བོན་གཞུང་ནང་ཡུལ་གྱི་ཆགས་ལུགས་སྐོར་གྱི་བརྗོད་ཚུལ་ལྟར་ན། ས་ཚིགས་ཀྱི་ཡུལ་དབུས་དང་། ཡོན་ཏན་གྱི་ཡུལ་དབུས་ཟེར་བ་ཡུལ་གཅིག་ལ་ངོ་བོ་གཉིས་སུ་དབྱེ་བས།  སྟག་གཟིག་ཡུལ་ལ་ཡང་ས་ཚིགས་དབུས་ཀྱི་སྟག་གཟིག་དང་།  ཡོན་ཏན་དབུས་ཀྱི་སྟག་གཟིག་ཟེར་བ་ཁག་གཉིས་སུ་དབྱེ་ཞིང་། ས་ཚིགས་དབུས་ཀྱི་སྟག་གཟིག་ནི་གངས་ཏེ་སེ་དང་། མཚོ་མ་པང་ངམ་དེའི་རྒྱུད་ཀྱི་ཡུལ་ཁམས་རྣམས་ཡིན་པ་དང་།  ཡོན་ཏན་དབུས་ཀྱི་སྟག་གཟིག་ནི་འཛམ་བུ་གླིང་གི་ནུབ་བྱང་།  མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཞིང་ཁམས་ཤིག་ཡིན་པར་བཤད།

  བོན་གཞུང་ནང་བརྗོད་པའི་སྟག་གཟིག་ཡུལ་མི་འདྲ་བ་གཉིས་ཀྱི་ས་ཁམས་ཁོར་ཡུག་གི་ཆགས་སྟངས་ཐད་ནས་བལྟས་ན། ཡུལ་དེ་གཉིས་ཀར་གངས་ཏེ་སེ་དང་། མཚོ་མ་པང་། དེ་བཞིན་རྟ་མཆོག  སེང་གེ  རྨ་བྱ།  གླང་ཆེན་བཅས་ཁ་འབབ་ཆུ་བོ་བཞི་སོགས་གཅིག་མཚུངས་སུ་ཡོད་པས་ཡུལ་དེ་གཉིས་ཀྱི་གནས་ས་ནི་བོད་ཀྱི་ས་ཁོངས་སུ་གཏོགས་པའི་ཡུལ་ཕྱོགས་ཤིག་ཏུ་ཡིན་པ་གོར་མ་ཆག  འོན་ཀྱང་ཡུལ་དེ་གཉིས་ཀྱི་ཡོན་ཏན་དང་།  ངོ་མཚར་ཆེ་ཆུང་ཐད་རྣམ་པ་ཀུན་ནས་མི་འདྲ་བ་སྟེ།   ས་ཚིགས་དབུས་ཀྱི་སྟག་གཟིག་གི་ཡུལ་དེར་གངས་རི་དང་མཚོ། རི་བོ།  ཆུ་བོ་སོགས་ཡུལ་ལུང་ཀུན་དང་འདྲ་བའི་ཁོར་ཡུག་ཁྱད་ཆོས་ཙམ་མ་གཏོགས་དམིགས་བསལ་གྱི་ངོ་མཚར་ཆེ་བའི་གནས་གང་ཡང་མེད། ཡོན་ཏན་དབུས་ཀྱི་སྟག་གཟིག་ནི་ངོ་མཚར་ཁྱད་དུ་འཕགས་པ། བྱང་ཕྱོགས་ཤཾ་བྷ་ལ་དང་གཉིས་སུ་མེད་པའི་དག་ཞིང་ཞིག་ཡིན་པ་སྟེ། ཡུལ་དེའི་ས་ལ་པད་མ་འདབ་བརྒྱད་དང་། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་མཚན་མ་དང་ལྡན་པ། དབུས་ཀྱི་རི་བོ་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བའི་ཤེལ་གྱི་རྡོ་རིང་ཡོད་པ་དང་། རི་དེ་ཡི་མགུལ་ན་རྒྱལ་རིགས་དང་། རྗེའུ་རིགས། བྲམ་ཟེའི་རིགས།  དམངས་རིགས་བཅས་ཀྱིས་བཞེངས་པའི་ཤེལ་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གསས་ཁང་དང་མཆོད་རྟེན་འབུམ་ཕྲག་མང་པོ་ཡོད་པ།  རི་དེའི་ཕྱོགས་བཞིར་རིན་པོ་ཆེའི་བྲག་རི་ཤར་ན་སེང་གེ  བྱང་ན་རྟ་མཆོག   ནུབ་ན་རྨ་བྱ།  ལྷོ་ན་གླང་ཆེན་འདྲ་བ་བཞིའི་ཁ་ནས་ཆུ་བོ་ཆེན་པོ་བཞི་ཕྱོགས་བཞིར་འབབ་པ། དགོས་རྒུ་ཚང་བའི་ཤིང་སྣ་བརྒྱ་དང་ལྔ་བཅུ་ལ་བྱ་རིགས་མི་འདྲ་བ་བརྒྱ་དང་ལྔ་བཅུས་སྐད་འགྱུར་སྟོང་རྩ་གཉིས་སྒྲོག་པ།  ཕྱོགས་མཚམས་རྣམས་སུ་མེ་ཏོག་དབུས་འབར་གྱི་ཚལ་དང་། བདུད་རྩི་སྨན་ཆུའི་རྫིང་བུས་ཀུན་ནས་འཁོར་བ། གཡུང་དྲུང་དགུ་བརྩེགས་ཀྱི་འཁོར་དུ་གླིང་བཞིའི་ཚུལ་དུ་གནས་པའི་རྒྱལ་ས་ཆེན་པོ་བཞི་ནི་ས་རྡོ་དང་། རྩི་ཤིང་ལས་གྲུབ་པ་མ་ཡིན་པར་རྒྱུ་རིན་པོ་ཆེ་སྣ་བཞིའམ་སྣ་ལྔ་ལས་གྲུབ་པ་ངོ་མཚར་གྱི་བཀོད་པས་ཕྱུག་པ།  འཇིག་པ་དང་བྲལ་བར་མེད་པ།  རྡུལ་མེད་པ།  བཞུགས་ན་ཉམས་དགྱེས་པ། ཡིད་དུ་འོངས་བ། སངས་རྒྱས་སྟོང་བྱོན་པའི་གནས་ཡིན་པ།  དེའི་ཕྱི་རིམ་གྱི་མཐའ་བཞིའི་གླིང་ཆེན་གླིང་ཆུང་སོ་སོར་ལྟ་ན་སྡུག་པའི་གྲོང་ཁྱེར་འབུམ་ཕྲག་དང་། གཞན་ཡང་བསྟན་པ་བཞག་པའི་གནས་གྲོང་ཁྱེར་སུམ་བརྒྱ་དྲུག་བཅུ་དང་རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་རྟེན་དང་བརྟེན་པར་བཅས་ཡོད་པ། ལྗོན་ཤིང་གི་ལོ་མར་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་གསལ་བའི་སྐྱེད་ཚལ་གྱི་གླིང་ཆེན་པོ།  ཡན་ལག་བརྒྱད་ལྡན་གྱི་མཚོ་ཆེན་པོ་སུམ་བརྒྱ་བཅུ་དང་། མཚོ་ཕྲན་སྟོང་དང་རྩ་གཉིས། མེ་ཏོག་ཨུཏྤལ་དང་པད་མ་སོགས་ཀྱིས་རྣམ་པར་མཛེས་པ། པད་མ་ཆེ་བ་རེ་རེའི་ཁ་ལ་གཤེན་གྱི་དྲང་སྲོང་བརྒྱད་བརྒྱད་རེ་བཞུགས་ནས་བདག་རྫོགས་ཀྱི་ཆོ་ག་མཛད་ཆོག་པ།  འབྲིང་གི་ཁ་ལ་དྲང་སྲོང་བཞིའི་ཏིང་འཛིན་སྒོམ་པ།  ཆུང་བའི་ཁ་ལ་ཁྱེའུ་བུ་མོ་གཉིས་གཉིས་ཀྱི་གླུ་གར་བསྒྱུར་རུང་བ། རིན་པོ་ཆེའི་བྲག་རི་དང་། རིན་ཆེན་སྣ་ཚོགས་ཀྱི་གྲམ་པ་སྤུངས་པ། གསེར་གྱི་བྱེ་མ་བདལ་བའི་གླིང་། འབྲུ་དགུའི་ཞིང་ས་དང་། ཞལ་ཟས་རོ་མཆོག་དང་ལྡན་པ་ཟད་པ་མེད་པ། ཞིང་དེ་ན་སྐྱེས་པའི་མི་རྣམས་ཀྱི་ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་པ། དགའ་བ་ནི་དགའ་ལྡན་ལྷ་དང་མཉམ་པ། ཡོན་ཏན་ནི་བར་འོད་གསལ་གྱི་ལྷ་དང་མཉམ་པ། ཚེ་སྔ་ཕྱི་དྲན་པ། ལས་དགེ་སྡིག་ཤེས་པ། ཁྲེལ་ཡོད་ངོ་ཚ་ཤེས་པ། དགེ་བ་ལ་དད་པ། བྱམས་སྙིང་རྗེ་ལྡན་པ་ཤ་སྟག་ཡིན་པར་བཤད། མདོར་ན་ས་ཚིགས་དབུས་ཀྱི་སྟག་གཟིག་ནི་འཇིག་རྟེན་ཕལ་པའི་མི་ཐམས་ཅད་ཀྱིས་མཐོང་རྒྱུ་ཡོད་པའི་ཡུལ་ཞིག་ཡིན་པ་དང་། ཡོན་ཏན་དབུས་ཀྱི་སྟག་གཟིག་ནི་ཡེ་ཤེས་ཀྱི་སྣང་བ་ལྡན་པ་དང་། རྫུ་འཕྲུལ་ཅན་གྱིས་མ་གཏོགས་མཐོང་བ་དང་སླེབས་པར་མེད་པའི་ཡུལ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེ་འདྲའི་ཁྱད་ཆོས་དང་ཡོན་ཏན་ཡོངས་སུ་ཐ་དད་པའི་སྟག་གཟིག་ཡུལ་མི་འདྲ་བ་གཉིས་ཡོད་ཚུལ་ལ་ཞིབ་པར་བསམས་ན། ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་སྟག་གཟིག་གི་ཡུལ་དེ་ནི་གནའ་བོའི་དུས་ནས་ད་ལྟ་བར་སྐྱེ་བོ་མཆོག་དམན་ཀུན་གྱིས་མངོན་སུམ་མཐོང་རྒྱུ་ཡོད་པ་སྟེ་ང་ཚོས་མཛུབ་སྟོན་ངོས་བཟུང་ཆོག་པའི་གངས་ཏེ་སེ་དང་མཚོ་མ་པང་རྒྱུད་ཀྱི་ཡུལ་ཁམས་དེ་ཡིན་སྙམ། ཡོན་ཏན་དབུས་ཀྱི་སྟག་གཟིག་ཟེར་བ་འདི་ནི་མི་ཡུལ་དུ་མེད་པའི་ལྷ་ཡི་ཞིང་ཁམས་སམ་ཡང་ན་སྒྱུ་མའི་གྲོང་ཁྱེར་ལྟ་བུ་ཞིག་རང་དུ་ངོས་འཛིན་དགོས། ཡུལ་འདི་འདྲ་ཞིག་ཡོད་ཟེར་བ་ཆོས་ལུགས་པ་རྣམས་ཀྱི་བཞེད་པ་དང་མཐུན་སྲིད་ནའང་ཚན་རིག་གི་ལྟ་བའི་ཐོག་ནས་བཤད་ན་དེ་ནི་མངོན་སུམ་གྱི་ཚད་མས་གྲུབ་ཏུ་མེད་པའི་ཤོད་སྲོལ་ཙམ་དུ་ཟད་པས་དངོས་སུ་ཡོད་པར་ཁས་ལེན་ཐབས་མེད་པ་ཞིག་ཡིན། བོན་གཞུང་ནང་བོན་བསྟན་འཕེལ་འགྲིབ་ཀྱི་ལོ་རྒྱུས་དྲངས་པའི་སྐབས་སུ"སྟག་གཟིག་ནས་ཞང་ཞུང་དུ་ཡོང་བ"།"སྟག་གཟིག་གི་ལོ་ཙཱབ"།"སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར་བ"། "སྟག་གཟིག་གི་ཡི་གེ"ཟེར་བ་སོགས་ཀྱི་བརྗོད་ཚུལ་མང་པོ་ཡོད་པ་དེའི་ནང་གི་སྟག་གཟིག་ཟེར་བ་ནི་ཡོན་ཏན་ཀྱི་དབུས་ཀྱི་སྟག་གཟིག་ཡུལ་དེ་རང་དུ་ངོས་འཛིན་པ་ཡིན། བོན་གཞུང་ནང་དུ་ཡོན་ཏན་དབུས་ཀྱི་སྟག་གཟིག་ཟེར་བ་དངོས་མེད་ཀྱི་ཡུལ་དེ་འདྲ་ཞིག་དངོས་སུ་ཡོད་ཚུལ་བཀོད་ཅིང་། དེ་དག་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་བོན་བསྟན་སྤེལ་བའི་གནས་གཙོ་བོ་འོལ་མོ་ལུང་རིང་གྲགས་པ་དེ་ཡོད་ས་དང་། བོན་གྱི་ཤེས་རིག་ཐམས་ཅད་ཀྱི་འབྱུང་ཡུལ་དུ་འཛིན་པ་ནི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་ཡོངས་སུ་འགལ་བའི་ཕྱོགས་ལྷུང་གི་བརྗོད་ཚུལ་རང་ཡིན་སྙམ།  སྟག་གཟིག་སྤུངས་ཡིག་ཟེར་བ་ཡང་དེ་ལྟ་སྟེ།  ཞང་ཞུང་ཡི་གེའམ་བོད་ཀྱི་ཡིག་སྲོལ་ཐོག་མའི་ཡིག་གཟུགས་དེ་ཡང་དངོས་མེད་ཀྱི་ཡུལ་དེ་འདྲ་ཞིག་ནས་བྱུང་ལུགས་རྒྱུ་མཚན་དུ་བྱས་ཏེ་དང་པོ་དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཅེས་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཚུལ་དུ་བརྗོད་པ་ཞིག་ཡིན་པ་ལས་གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་ཡི་གེའི་ཐོག་མའི་གཟུགས་རིས་གཏན་ནས་མ་ཡིན་སྙམ། སྟག་གཟིག་སྤུངས་ཡིག་ཟེར་བའི་ཡི་གེ་འདིའི་སྐོར་མཁས་དབང་ནམ་མཁའ་ནོར་བུས་ཞང་བོད་ལོ་རྒྱུས་ཏེ་སེའི་འོདནང་དུ་ཆེད་མངགས་ལེ་ཚན་ཞིག་བཀོད་ནས་དབྱེ་ཞིབ་གནང་བ་ལ། "སྟག་གཟིག་སྤུངས་ཡིག་དེ་ལས་ཞང་ཞུང་གི་ཐོག་མའི་ཡིག་གཟུགས་བྱུང་བའི་ཚུལ་གསུང་ཡོད་འདུག་པ་འདི་ནི་དུས་ཕྱིས་ཀྱི་བོན་པོ་ཚོས་གཤེན་རབ་མི་བོ་ཆེ་གང་དུ་སྐུ་འཁྲུངས་ཤིང་། ཁོང་གིས་བོན་བསྟན་པའི་གནས་ཀྱི་གཙོ་བོ་འོལ་མོ་ལུང་རིང་གྲགས་པ་དེ་སྟག་གཟིག་གི་ཡུལ་དུ་ཡོད་པར་བཤད་སྲོལ་ཡོད་པ་དེའི་ལུགས་སུ་བྱས་ཏེ་སྐབས་འདིར་ཡང་སྟག་གཟིག་སྤུངས་ཡིག་དེ་ཞང་ཞུང་ཡིག་རྒན་གྱི་ཁུངས་སུ་བཤད་པ་ཙམ་ཞིག་ཡིན་པ་ལས་གཞན་པའི་རྒྱུ་མཚན་འགའ་ཡང་མེད།  ཆོས་ཀྱི་ལུགས་སུ་ལེགས་སྦྱར་ལ་"ལྷའི་སྐད”ཅེས་ཟེར་སྲོལ་ཡོད་པ་དེའི་ཤན་ཞུགས་ནས་འདིར་དག་པ་ལྷའི་ཡི་གེ་ཞེས་ཆེ་བ་བརྗོད་པ་བཅས་ཏེ་བཤད་ཡོད་པའང་གསལ་པོར་མཐོང་ཐུབ། གང་ལྟར་ཡང་བཤད་ཚུལ་དེ་ནི་མངོན་སུམ་གྱི་རིག་པ་དང་འགལ་བ་ཞིག་སྟེ།  སྟག་གཟིག་སྤུངས་ཡིག་ཏུ་གྲགས་པའི་ཡིག་གཟུགས་འདི་ནི་དེང་དུས་རྒྱ་གར་དུ "ཨུཔྲ"ཞེས་བྱ་བ་ཨ་རབ་དང་པར་སིག་གི་ཡུལ་སོགས་ཁ་ཆེའི་མི་རིགས་དང་ཆོས་ལུགས་པ་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད་པའི་ཡིག་གཟུགས་འདིར་ཟེར་བ་ཡིན"།(ཤོག་གྲངས་༡༠༣)ཞེས་གསུངས་པ་དང་སྦྲགས་སྟག་གཟིག་སྤུངས་ཡིག་དང་ཞང་ཞུང་ཡི་གེ་གཉིས་རྣམ་པ་གང་ཐད་ནས་མི་འདྲ་བ་ཡིན་ཚུལ་བསྡུར་བ་ཞིབ་གསལ་གནང་འདུག   ཁོང་གིས་སྟག་གཟིག་སྤུངས་ཡིག་ཟེར་བ་འདི་ཁ་ཆེའི་ཡུལ་གྱི་ཡི་གེར་ངོས་འཛིན་གནང་བ་དེའི་ཐད་ད་དུང་མུ་མཐུད་ཞིབ་འཇུག་བྱེད་དགོས་པ་ལྟ་བུ་ཞིག་མཐོང་ཡང་།  "དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག"ཡིན་ཟེར་བའི་བརྗོད་ཚུལ་དེ་ནི་ཕྱིས་སུ་བོན་པོ་རྣམས་ཀྱིས་ཞང་ཞུང་གི་ཡི་

གེའི་ཐོག་མའི་འབྱུང་ཁུངས་ཤིན་ཏུ་དག་པ་ཡིན་ཚུལ་གྱིས་ཆེ་བརྗོད་བྱས་པ་ཞིག་ཡིན་པ་ལས་དངོས་དོན་དང་མཐུན་པའི་བརྗོད་ཚུལ་མ་ཡིན་ཞེས་གསུངས་པ་དེ་ནི་དོན་དུ་གནས་པའི་བསྡོམས་ཚིག་རང་ཞིག་ཡིན་འདུག་སྙམ།  སྟག་གཟིག་སྤུངས་ཡིག་ཟེར་བ་འདི་ཞང་ཞུང་ཡི་གེའི་ཐོག་མའི་ཡིག་གཟུགས་མིན་པ་དང་། ཕྱིས་སུ་གསར་བཟོ་བྱས་པའི་ཡིག་གཟུགས་ཤིག་ཡིན་པ་ནི་ད་ལྟ་མི་རྣམས་ཀྱི་མཐོང་ཆོས་སུ་ཡོད་པའི་སྟག་གཟིག་སྤུངས་ཡིག་ཟེར་བ་དེ་དང་། ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་དུ་གྲགས་པའི་ཡིག་གཟུགས་གཉིས་ཕན་ཚུན་བསྡུར་བ་བྱས་ཏེ་བལྟས་ན་གསལ་པོར་མཚོན་ཐུབ།

       

 

གོང་དུ་དྲངས་པའི་སྟག་གཟིག་སྤུངས་ཡིག་གི་ཡིག་དཔེ་དང་སྨར་ཆེན་གྱི་ཡིག་དཔེ་དེ་གཉིས《ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས་མ》ཞེས་པའི་ནང་དུ་ཡོད་པ་དེ་ཡིན།

         སྟག་གཟིག་སྤུངས་ཡིག་ཟེར་བའི་ཡིག་གཟུགས་དེའི་ཁྱད་ཆོས་ལ་ཞིབ་པར་བརྟགས་ན། ཡི་གེ་སོ་སོའི་འགོ་འབྲི་སྟངས་དང་། ཞབས་སུ་གསེག་འཐེན་སྟངས། སྣག་ལམ་འདྲེན་སྟངས། དེ་བཞིན་ཡི་གེའི་འབྲུ་རིས་ཀྱི་རྩ་བའི་དབྱིབས་གཟུགས་སོགས་ལཉྫ་དང་འདྲ་བའི་ཕྱོགས་མང་པོ་ཡོད་པ་ལས། ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་དུ་གྲགས་པའི་ཡིག་གཟུགས་དང་འདྲ་བའི་ཕྱོགས་ཉུང་ངུ་ལས་མེད། སྟག་གཟིག་སྤུངས་ཡིག་ཟེར་བ་འདི་ཐོག་མའི་ཡིག་གཟུགས་ཡིན་པའམ།  ཡང་ན་དཔེ་གཞིར་འཛིན་པའི་ཡིག་གཟུགས་ཡིན་པའི་དབང་དུ་བྱས་ན་དེ་ལ་དཔེ་བླངས་ནས་བཟོས་པའམ་དེ་ལས་རིམ་པས་འགྱུར་ནས་བྱུང་བའི་སྨར་ཆེ་ཆུང་སོགས་ཀྱི་རྩ་བའི་ཡིག་རུས་རྣམས་གཞི་གཅིག་ཏུ་གནས་པ་ཞིག་དགོས་ཀྱང་། ཡིག་གཟུགས་དེ་ཚོའི་དབར་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་འབྲེལ་བ་དེ་ཙམ་མེད་པ་གསལ་པོར་མངོན་ཐུབ།

        དེ་བཞིན་བོན་གཞུང་མང་པོའི་མགོ་ཡི་མཆོད་བརྗོད་དུ་ཞང་ཞུང་ཡི་གེ་དང་ད་ལྟའི་བོད་ཡིག་ཟུང་སྦྲེལ་གྱིས་བཀོད་པའི་ཞང་ཞུང་ཡི་གེའི་ཡིག་གཟུགས་ལ་བལྟས་ནའང་དེ་ལྟ་སྟེ། སྟག་གཟིག་སྤུངས་ཡིག་ཟེར་བ་འདི་དངོས་འབྲེལ་འཕྲུལ་ཡིག་བཞི་བཅུའི་ཐོག་མའི་ཡིག་གཟུགས་ཡིན་ན།  ཞང་ཞུང་ཡིག་ལམ་ནས་བཀོད་པའི་མཆོད་བརྗོད་ལ་དེ་བས་མཆོག་ཏུ་བཟུང་ནས་སྟག་གཟིག་སྤུངས་ཡིག་འབྲི་དགོས་པ་ཞིག་ཡིན་ཡང་། ད་ལྟ་མཐོང་བའི་བོན་གཞུང་ཕལ་ཆེ་བའི་མཆོད་བརྗོད་ཞང་ཞུང་ཡི་གེས་བྲིས་པ་རྣམས་ནི་ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་དུ་གྲགས་པའི་ཡིག་གཟུགས་དེ་ཡིན་པ་ལས་སྟག་གཟིག་སྤུངས་ཡིག་གི་ཡིག་གཟུགས་བྲིས་པ་ཧ་ལམ་མེད་པ་ལྟ་བུར་སྣང་། གནས་ཚུལ་དེ་ཚོའི་ཐོག་ནས་ཀྱང་ཡིག་གཟུགས་འདི་ནི་དུས་ཕྱིས་གསར་དུ་བཟོས་ནས་དེ་ལ་ཆེ་བརྗོད་ཀྱི་ཚུལ་དུ་སྟག་གཟིག་སྤུངས་ཡིག་ཅེས་མིང་དུ་བཏགས་པ་ཡིན་ཚོད་ལས་ཞང་ཞུང་ཡི་གེའི་ཐོག་མའི་ཡིག་གཟུགས་མ་ཡིན་པ་གསལ་པོ་མཐོང་ཐུབ། འོ་ན། སྟོན་པ་གཤེན་རབ་མི་བོ་ཆེས་འཕྲུལ་ཡིག་བཞི་བཅུ་གཏན་ལ་ཕབ་པའི་སྐབས་ཀྱི་ཐོག་མའི་ཡིག་གཟུགས་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་ཤེ་ན་དེ་ནི་ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་དུ་གྲགས་པའི་ཡིག་གཟུགས་འདི་རང་དུ་ངོས་འཛིན་དགོས་སྙམ།  གང་ལགས་ཤེ་ན།  གཅིག་ནས་གོང་བརྗོད་ལྟར་བོན་གཞུང་ཁག་གི་ནང་ཞང་ཞུང་གི་ཡི་གེ་འཁོད་པ་རྣམས་སྨར་ཆེན་གྱི་ཡིག་གཟུགས་འདི་རང་གཙོ་བོ་ཡིན་པ་དང་། གཉིས་ནས་ད་ལྟ་མཐོང་ཆོས་སུ་ཡོད་པའི་སྨར་ཆེན་གྱི་ཡི་གེའི་གཟུགས་འདི་ཐོག་མའི་སྐབས་དང་བྱས་ན་འགྱུར་བ་ཕྲན་བུ་ཡོང་སྲིད་ནའང་ཡིག་གཟུགས་ཀྱི་ཁྱད་ཆོས་ལ་བལྟས་ན། གཡུང་དྲུང་གི་རི་མོར་འགྱུར་འགྲོས་སྣ་ཚོགས་བཏང་ནས་གྲུབ་པ་གསལ་པོར་མངོན་པས། དེ་ནི་བོན་གྱི་གྲུབ་མཐའི་ལྟ་བ་དང་། བརྡ་རྟགས་མཚོན་རིས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ན། ཞང་ཞུང་ཡིག་རྒན་ནམ་སྨར་ཆེན་ཟེར་བ་འདི་འཕྲུལ་ཡིག་བཞི་བཅུའི་ཐོག་མའི་ཡིག་གཟུགས་སུ་ངོས་བཟུང་ན་དངོས་འགལ་གྱི་ཕྱོགས་ལྷུང་གང་ཡང་མེད་སྙམ་མོ།།

阅读474
分享
写下您的评论吧